༄༅། ། སློབ་ཆུང་དག་ཡིག་ལས་༼ ག ༽ཡི་དག་ཡིག་མན་ངག་བརྗོད་པ།
༼ག༽
གུས་པ་གུས་ཞབས་རྗེས་འཇུག་ས།། ཉམས་རྒུད་དར་རྒུད་རྗེས་འཇུག་ད།། གོམ་བགྲོད་གོམ་སྟབས་ཡང་འཇུག་མེད།། གོམས་གཤིས་གོམས་འདྲིས་ཡང་འཇུག་ཡོད།། གྲངས་གནས་གྱ་གཅིག་གྱ་གཉིས་ནས།། གྱ་དགུ་ལ་སོགས་གྱ་རྐྱང་ངོ་།། རྒྱ་མཚོ་རྒྱ་ལྕོག་རྒྱ་ཁྱོན་དང་།། རྒྱ་བསྐྱེད་རྒྱ་ཕིབས་ར་མགོ་ཡོད།། གྲངས་ཀྱི་བརྒྱ་ལ་སྔོག་འཇུག་བ།། སློབ་གྲྭ་གྲྭ་པར་ཝ་ཟུར་ཡོད།། གྲ་རྒྱས་གྲ་སྒྲིག་སྙེ་མའི་གྲ།། པགས་སྤུའི་གྲ་ལ་ཝ་ཟུར་མེད།། སྐད་གྲགས་སྙན་གྲགས་ག་གྲགས་ཡིན།། ཞི་དྲག་དྲག་ཞན་ད་དྲག་དང་།། མཐོ་དྲགས་དམའ་དྲགས་མང་དྲགས་པ།། ཐལ་བའི་དྲགས་ལ་ཡང་འཇུག་ཡོད།། བྲག་རྡོ་བྲག་ཕུག་བ་བྲག་ཡིན།། ཆུ་སོགས་གྲང་མོ་ག་གྲང་དང་།། བགྲང་བྱའི་གྲངས་ལ་ཡང་འཇུག་ཡོད། དྲང་པོ་དྲང་བཞག་ད་དྲང་དང་།། ཟས་སོགས་དྲངས་པར་ཡང་འཇུག་ཡོད།། ཕོ་བྲང་བླ་བྲང་བྲང་ཁོག་སོགས།། བ་བྲང་ཡིན་པས་ཤེས་པར་བྱ། གྲལ་བསྟར་གྲལ་རིམ་ག་གྲལ་དང་།། ཐོག་གི་དྲལ་མ་ད་དྲལ་ཡིན།། ཁ་བྲལ་ལྷུ་བྲལ་བ་བྲལ་ལོ།། རིམ་གྲས་ལ་སོགས་ག་གྲས་དང་།། རས་སོགས་དྲས་པ་ད་དྲས་ཡིན།། རལ་གྲི་གློ་གྲི་ག་གྲི་དང་།། དྲི་བ་དྲི་མ་ད་དྲི་ལ།། ཡི་གེ་བྲི་རྒྱུ་བ་བྲི་ཡིན།། བསྐྱངས་པའི་དྲིན་ནི་ད་དྲིན་ནོ།། སྤྱང་གྲུང་གྲུང་ནི་ག་གྲུང་དང་།། སྐུ་དྲུང་དྲུང་ཡིག་ད་དྲུང་ཡིན།། སྒྲུང་གཏམ་སྒྲུང་དཔེར་ས་མགོ་ཡོད།། ཁྲོན་པ་བྲུས་པ་བ་བྲུས་དང་།། ས་ལ་དྲུས་པ་ད་དྲུས་ཡིན།། བརྩོན་འགྲུས་འགྲུས་ནི་ག་འགྲུས་སོ།། མགྲིན་པའི་གྲེ་བ་ག་གྲེ་དང་།། འཇལ་བྱེད་བྲེ་ནི་བ་བྲེ་ཡིན།། གྲོ་ཞིབ་གྲོ་མ་ག་གྲོ་དང་།། དྲོ་སྐྱིད་དྲོ་པོ་ད་དྲོ་འོ།། ཟས་ཀྱི་བྲོ་བ་འཁྲབ་བྱའི་བྲོ།། བ་བྲོ་ཡིན་པས་མ་ནོར་ཅིག། གྲོག་རོང་གྲོག་མར་ཡང་འཇུག་མེད།། གྲོགས་པོའི་གྲོགས་ལ་ཡང་འཇུག་ཡོད།། གྲོང་ཁྱེར་གྲོང་གསེབ་ག་གྲོང་དང་།། ཤི་བའི་གྲོངས་པར་ཡང་འཇུག་ཡོད།། གྲོས་མོལ་ག་གྲོས་རྗེས་འཇུག་ས།། ལུས་ཀྱི་གྲོད་པར་རྗེས་འཇུག་ད།། ཉི་མའི་དྲོད་ནི་ད་དྲོད་དང་།། བྲོས་བྱོལ་བྲོས་ནི་བ་བྲོས་ཡིན།། གྲོན་ཆུང་འགྲོ་གྲོན་ག་གྲོན་ནོ།། གནད་འགག་འགག་སྒོར་སྔོན་འཇུག་འ།། གལ་འགངས་འགངས་ནི་འ་འགངས་དང་།། རི་སྒང་སྒང་གཤོངས་ས་སྒང་ལ།། ལྒང་བུ་ལྒང་བཞུ་ལ་ལྒང་ཡིན།། གད་མོ་བགད་པ་བ་བགད་དང་།། ལོ་ན་རྒས་པ་ར་རྒས་ཡིན།། འགན་འཁུར་འགན་སྲུང་འ་འགན་དང་།། དགེ་རྒན་རྒན་རབས་ར་རྒན་ནོ།། ལྕགས་སྒམ་ཤིང་སྒམ་ས་སྒམ་ཡིན།། དགའ་སྤྲོ་དགའ་སྟོན་ད་དགའ་དང་།། རྟ་སྒ་ཁལ་སྒ་ས་སྒ་ལ།། འགའ་ཤས་འགའ་ཞིག་འ་འགའ་ཡིན།། ལྕགས་བཟོ་མགར་བ་མ་མགར་དང་།། དམག་སྒར་བཞུགས་སྒར་ས་སྒར་ཡིན།། སྒལ་པ་སྒལ་ཚིགས་ས་སྒལ་དང་།། ཁྲིམས་འགལ་རྒྱབ་འགལ་འ་འགལ་ལ།། ཆུ་སོགས་རྒལ་བ་ར་རྒལ་ཡིན།། སེམས་པ་མགུ་བ་མ་མགུ་དང་།། གྲངས་ཀྱི་དགུ་ནི་ད་དགུ་ཡིན།། ཉིན་དགུང་དགུང་ལོ་ད་དགུང་ངོ་།། དབྱར་དགུན་དགུན་ནི་ད་དགུན་དང་།། ཤིང་ཏོག་རྒུན་འབྲུམ་ར་རྒུན་ནོ།། གཡོ་འགུལ་ལས་འགུལ་འ་འགུལ་དང་།། མགྲིན་པའི་མགུལ་ནི་མ་མགུལ་ཡིན།། དགེ་སྐྱོན་དགེ་ནི་ད་དགེ་དང་།། ཁང་པའི་སྒེའུ་ཁུང་ས་སྒེ་ཡིན།། དགོང་མོ་དགོང་ཚོགས་ད་དགོང་དང་།། དགོངས་ཞུ་ཐུགས་དགོངས་ཡང་འཇུག་ཡོད།། ལམ་གྱི་འགྲུལ་པ་ག་འགྲུལ་དང་།། སྲོག་ཆགས་སྦྲུལ་ནི་བ་སྦྲུལ་ལོ།། བྱ་རྒོད་ས་རྒོད་རྟ་རྒོད་མ།། མི་རྒོད་ལ་སོགས་ར་མགོ་ཡོད།། འགྲུལ་པའི་ལམ་རྒྱགས་ཤ་རྒྱགས་པར།། ཡང་འཇུག་ཡོད་ལ་སྔོན་འཇུག་མེད།། གཡོ་སྒྱུ་སྒྱུ་མ་ས་སྒྱུ་དང་།། ནང་ཁྲོལ་རྒྱུ་མ་ར་རྒྱུ་ཡིན།། སྒྱུར་བཅོས་ཡིག་སྒྱུར་ས་སྒྱུར་དང་།། འབྱུང་འགྱུར་ཉམས་འགྱུར་འ་འགྱུར་ཡིན།། མི་རྒྱུད་རིགས་རྒྱུད་རྗེས་འཇུག་ད།། ལོ་རྒྱུས་ལམ་རྒྱུས་རྗེས་འཇུག་ས།། སྒྲ་གདངས་སྒྲ་སྙན་ས་སྒྲ་དང་།། དགྲ་བོའི་དགྲ་ནི་ད་དགྲ་ཡིན།། འདེམས་སྒྲུག་སྒྲུག་ནི་ས་སྒྲུག་དང་།། འབྲུག་སྐད་འབྲུག་པ་འ་འབྲུག་ཡིན།། མིང་ཚིག་འགྲེལ་བཤད་མིང་གཞི་ག།མཉམ་དུ་འབྲེལ་བར་མིང་གཞི་བ།། འབྲས་དང་འབྲས་བུ་མིང་གཞི་བ།། ཞེ་འགྲས་འཁོན་འགྲས་མིང་གཞི་ག། གླང་ཆེན་བ་གླང་ག་གླང་དང་།། བླང་བྱ་བླང་དོར་བ་བླང་ཡིན།།



