无障碍阅读 关怀版

༄༅།། སྔོན་འཇུག་གི་མོ་ཡིག་འ་ཡིག་གི་འཇུག་པ་བཤད་པ།

དུས་ཚོད། 2018-01-12 རྩོམ་པ་པོ ཚེ་རྡོར། རྩོམ་སྒྲིག སྐྱིད་ལུས།

རྩ་བར། མོ་ནི་བདག་ད་མ་འོངས་ཕྱིར། ཞེས་གསུངས་ཏེ། སྔོན་འཇུག་གི་མོ་ཡིག་འ་ཡིག་དེ་དགོས་པ་དངོས་པོ་བདག་གཞན་གཉིས་ལས་བདག་དང་། བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བ། མ་འོངས་བཅས་གསལ་ཕྱིར་འཇུག་པ་ཡིན་ཞེས་སོ། དཔེར་ན། འབྲི་བ་པོ། འདེབས་པ་པོ། འཇོམས་པ་པོ། འདེགས་པ་པོ། འཐུང་བ་པོ་ཞེས་པ་ལྟ་བུ་མོ་ཡིག་འ་ཡིག་གིས་དངོས་པོ་བདག་བསྟན་པ་དང་།འཁལ་བཞིན་པ། འཁྱིལ་བཞིན་པ། འཕྱག་བཞིན་པ། འཐུང་གིན་འཇུག འཐེན་བཞིན་པ་ཞེས་པ་ལྟ་བུས་བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བ་བསྟན་པ་དང་། འཐེན་པར་འགྱུར། འཁྱིལ་བར་འགྱུར་ཞེས་པ་ལྟ་བུས་བདག་གཞན་གྱིས་དབྱེ་བས་མ་བསྡུས་པའི་དུས་མ་འོངས་པ་བསྟན་ཕྱིར་འཇུག་པ་ལྟ་བུ་ཡིན།

ཡང་དཔེར་ན། མདའ་འཕངས་ཞེས་པ་དང་། ཐག་པ་འཐེན་ཞེས་པ་ལྟ་བུར་འཕང་བྱ་དང་། འཕེན་བྱེད། འཐེན་བྱ་དང་། འཐེན་བྱེད་གཉིས་ཐ་དད་ཀྱི་དབྱེ་བ་འབྱེད་རྒྱུ་ཡོད་པས་བདག་གཞན་གྱི་དབྱེ་བས་ཁྱབ་པ་ཡིན་ལ་སྔོན་འཇུག་གི་མོ་ཡིག་འ་ཡིག་གིས་དེ་དོན་བསྟན་པར་འགྱུར་བ་ཡིན་པས་ཁ་ཅིག་གིས། མོ་ནི་བདག་དང་མ་འོངས་ཕྱིར། ཞེས་བཀོད་པ་ཙམ་མ་ཚད།དང་ཡིག་དེ་སྡུད་པ་སྟེ་མོ་ཡིག་འ་ཡིག་དེ་དངོས་པོ་བདག་ཙམ་དུ་མ་ཚད་དངོས་པོ་གཞན་བསྟན་པར་འཇུག་པའི་ཚུལ་སྡུད་དེ་བསྟན་པར་བྱས་པ་ཡིན་ཞེས་འགྲེལ་མོད། སྐབས་འདིར་གསེར་ཏོག་སུམ་རྟགས་སུའང་། མོ་ནི་བདག་གཞན་ད་མ་འོངས། ཞེས་མོ་ཡིག་དངོས་པོ་གཞན་བསྟན་པར་འགྱུར་ཚུལ་ཚིག་ཟིན་དུ་དངོས་སུ་བསྟན་པར་བྱས་སོ། དེས་ན་སྔོན་འཇུག་གི་མོ་ཡིག་འ་ཡིག་དེ་དངོས་པོ་བདག་ཙམ་དུ་མ་ཚད་དངོས་པོ་གཞན་ལའང་འཇུག་ཚུལ་ཡོད་པ་འདི་བཞིན་འགྲེལ་ཚེ་དོན་དངོས་དང་འཚམས་ཤིང་འཐད་པ་ཉིད་དུ་མཐོང་བས་འདིར་ཁོ་བོས་ཀྱང་དེ་བཞིན་འགྲེལ་བར་བྱེད་དོ།

སྔོན་འཇུག་གི་མོ་ཡིག་དངོས་པོ་བདག་བསྟན་ཕྱིར་འཇུག་པ་ནི། འགྲེལ་པ་པོ། འདེབས་པ་པོ། འཇོག་པ་པོ། འཕྲོག་པ་པོ་ལྟ་བུ།

སྔོན་འཇུག་གི་མོ་ཡིག་བྱེད་པ་གསལ་བར་བྱེད་པར་འཇུག་པ་ནི། འབྲེ་བྱེད། འཆང་བྱེད། འཁྲུ་བྱེད། འགྲེལ་བྱེད། འདེབས་བྱེད། འཐེན་བྱེད་ལྟ་བུའོ།

སྔོན་འཇུག་གི་མོ་ཡིག་དངོས་པོ་བདག་དང་འབྲེལ་བའི་བྱེད་ལས་གསལ་བར་འཇུག་པ་ནི། འཕེན་པར་བྱེད། འཕེན་ནོ། འབྲི་བར་བྱེད། འབྲིའོ།འཆང་བར་བྱེད། འཆང་ངོ་། འཁྲུ་བར་བྱེད། འཁྲུའོ་ལྟ་བུ།

སྔོན་འཇུག་གི་མོ་ཡིག་འ་ཡིག་བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བར་འཇུག་པ་ནི། འཁུར་བཞིན་པ། འཁྱིལ་བཞིན་པ། འཁྱུད་ཀྱིན་འདུག འདྲོག་གིན་འདུག འགོག་བཞིན་པ་ལྟ་བུའོ།

སྔོན་འཇུག་གི་མོ་ཡིག་འ་ཡིག་དངོས་པོ་གཞན་བསྟན་པར་འཇུག་པ་ནི། འཕང་བྱ། འཐེན་བྱ། འཕྱག་བྱ། འཁྲིད་བྱ།འདྲུ་བྱ། འབད་བྱ། འཚལ་བྱ།འཁྲབ་བྱ་ལྟ་བུའོ།

སྔོན་འཇུག་མོ་ཡིག་བྱ་ལས་གསལ་བར་འཇུག་པ་ནི། འཕང་ངོ་། འཐེན་པར་བྱ། འཐེན་ནོ། འཕྱག་པར་བྱ། འཕྱག་གོ འཁྲིད་པར་བྱ། འཁྲིད་དོ། འདྲུ་བར་བྱ། འདྲུའོ།འཇོ་བར་བྱ། འཇོའོ་ལྟ་བུ།

སྔོན་འཇུག་གི་མོ་ཡིག་འ་ཡིག་བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་མ་འོངས་པར་འཇུག་པ་ནི། འཕང་བར་འགྱུར། འདྲུ་བར་འགྱུར། འཇོ་བར་འགྱུར། འབད་པར་འགྱུར། འཚལ་བར་འགྱུར། འཁྱིལ་བར་འགྱུར། འཁྲུ་བར་འགྱུར་ལྟ་བུའོ།

ཚེ་རྡོར་གྱིས་བརྩམས་ཤིང་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི་བརྡ་སྤྲོད་རྣམ་བཤད་ཅེས་པའི་སློབ་དེབ་ལས་བཏུས།