无障碍阅读 关怀版

༄༅། །བོད་ཡིག་ལས་སྲོག་དང་རྐྱེན་གྱི་ཡི་གེ་བཤད་པ།

དུས་ཚོད། 2018-01-12 རྩོམ་པ་པོ ཚེ་རྡོར། རྩོམ་སྒྲིག སྐྱིད་ལུས།

དང་པོ་སྲོག་གི་ཡི་གེ་བཤད་པ། སྲོག་གི་ཡི་གེ་ཞེས་པ་ནི་དབྱངས་བཞི་དང་ཚེགས་ལ་ཟེར་བ་ཡིན། དེ་ཡང་དབྱངས་བཞི་ནི་གསལ་བྱེད་སུམ་ཅུར་ཞུགས་ཏེ་གོ་དོན་ངེས་ཅན་རེ་བསྟན་པ་ལས་རང་ཚུགས་ཀྱིས་བརྗོད་བྱ་གང་བསྟན་མི་ནུས་པ་དང་། དབྱངས་བཞི་མེད་ནའང་མི་འགྲིག་པ་སྟེ། དེ་བཞི་མེད་ན་གསལ་བྱེད་སུམ་ཅུ་ཁོ་ནས་མིང་དང་ཚིག་སོགས་གསལ་མི་ནུས་པའམ་གསལ་བྱེད་ཀྱི་ཡི་གེ་འདུས་ཏེ་མིང་དང་ཚིག་སོགས་གསལ་མི་ནུས་པའམ་གསལ་བྱེད་ཀྱི་ཡི་གེ་འདུས་ཏེ་མིང་དང་ཚིག་གིས་ཤེས་བྱ་མ་ལུས་པ་བརྗོད་པ་མིན་ཏེ། རྩ་བ་ལས་ཀྱང་།མོ་ཡི་གེ་མེད་པ་ན། ཕོ་ཡིག་བརྗོད་པ་མེད་པར་འགྱུར། ཞེས་གསུངས་པ་ལྟ་བུའོ།བོད་ཡིག་ནི་ལེགས་སྦྱར་གྱི་ཡི་གེ་དང་མི་འདྲ་བར་སྔོན་རྗེས་ཀྱི་འཇུག་པ་ཅན་ཡིན་པས་ཚེགས་ཀྱིས་མ་བཅད་ན་ཚིག་ཁྱིམ་མི་གྲུབ་པ་ཙམ་མ་ཟད།ཡི་གེ་སྡེབ་ཚོགས་སུ་གྱུར་ནས་བརྗོད་བྱ་སྟོན་པའི་བྱ་བ་བྱེད་མི་ནུས་པ་སྟེ་སྲོག་དང་ལྡན་ན་གཡོ་འགུལ་སོགས་ཀྱི་བྱ་བ་བྱེད་ལ་མེད་ན་མི་ནུས་པ་བཞིན་ཡིན་པས་དབྱངས་བཞི་དང་ཚེགས་ལ་བོད་ཡིག་ཏུ་སྲོག་གི་ཡི་གེ་ཞེས་བརྗོད་པའང་ཡིན། ཡི་གེའི་བཤད་པ་དག་ཡིག་གི་སུམ་རྟགས་ཀྱི་འགྲེལ་པ་ཚིགས་སུ་བཅད་པ་གཞུང་བརྒྱའི་མཛོད་སྒོ་འབྱེད་པའི་ལྡེ་མིག་བློ་གསར་གཞོན་ནུའི་ཉེར་མཁོ་ཞེས་པ་ལས་ཀྱང་། དང་པོ་སྲོག་རྐྱེན་ཡི་གེའི་ནང་ནས་ནི། སྲོག་ཡིག་དབྱངས་དང་ཚེགས་ཡིན་ནོ། བོད་ཀྱི་ཡི་གེ་ཚེགས་ཀྱིས་མ་བཅད་ན། ཚེག་ཁྱིམ་མི་གྲུབ་སྔོན་རྗེས་འདྲེས་གྱུར་པས། བརྗོད་བྱ་སྟོན་པའི་བྱ་བ་བྱེ་མི་ནུས། དཔེར་ན་སྲོག་དང་ལྡན་པས་གཡོ་འགུལ་སོགས། བྱ་བ་བྱེད་ལ་སྲོག་བྲལ་བྱ་བྱེད་བྲལ། ཞེས་གསུངས་པ་ལྟར་རོ།

གཉིས་པ་རྐྱེན་གྱི་ཡི་གེ་བཤད་པ། རྐྱེན་གྱི་ཡི་གེ་ཞེས་པ་ནི་དབུ་དང་ཤད་གཉིས་ཡིན། དབུ་དང་ཤད་ཀྱིས་རྐྱེན་བྱས་ཏེ་དེ་ནས་གཞུང་ཡིག་རྣམས་འབྲི་དགོས་པས་སོ། ༄༅ འདི་ལ་དབུའམ་བེ་རྒ་དང་དབུ་ཁྱུད་ཀྱང་ཟེར་བ་ཡིན།། འདི་ལ་ཕུར་ཤད་དང་།༈ འདི་ལ་སྦྲུལ་ཤད། འདི་ལ་༑ རིན་ཆེན་སྤུངས་ཤད་ཅེས་བྱ་བའོ། དབུ་ནི་ལུས་མཛེས་པར་བྱེད་པའི་མགོ་བོ་ལྟ་བུ་དང་། གཞུང་ཡིག་གང་དེ་དབུ་ཡིག་གིས་རྐྱེན་བྱས་ཏེ་འདྲེན་པར་བྱེད་པའི་ནུས་པ་དང་ལྡན་ཡོད་པ་དང་། ཕུར་ཤད་ནི་ཚིག་མཚམས་གཅོད་པའི་རྟགས་མངོན་གསལ་ཅིག་ཡིན་པ་ཙམ་མ་ཚད་ཚིག་བཅད་ལ་ཉིས་ཤད་ཐོབ་པ་ཡིན་པས་བཅད་ལྷག་གང་ཡིན་བདེ་བླག་ཏུ་རྟོག་པར་བྱེད་ཅིང་མིག་ལམ་དུ་མཛེས་པའང་ཡིན། སྐབས་འདིར་དབྱངས་ཅན་གྲུབ་པའི་རྡོ་རྗེས། ལྷག་པའི་དོན་མང་མིང་མཚམས་དང་དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། ཚིག་བཅད་ག་མཐར་ཆིག་ཤད་བྱ། རྫོགས་ཚིག་མཐའ་ཅན་ལྷུག་པ་དང་། ཚིག་བཅད་རྐང་མཐར་ཉིས་ཤད་ཐོབ། དོན་ཚན་ཆེན་མོ་རྫོགས་པ་དང་། ལེའུའི་མཚམས་སུ་བཞི་ཤད་དགོས། ང་ཡིག་མ་གཏོགས་ཡིག་ཤད་དབར།ཚེགས་མེད་དེ་སོགས་ཞིབ་ཏུ་འབད།ཅེས་གསུངས་པའང་གཅེས་པར་གཟུངས་ཤིག སྦྲུལ་ཤད་ནི་ས་རྒ་དང་ལེའུ་མཚམས་ལྟ་བུར་མཚམས་འབྱེད་བྱེད་ཀྱི་རྟགས་མངོན་གསལ་ཅན་ཞིག་ཡིན་པ་དང་། རིན་ཆེན་སྤུངས་ཤད་ནི་ཐིག་ཕྲེང་གི་མགོ་ལ་ཡིག་རྡོག་གཅིག་དང་གཉིས་ལས་མེད་ཚེ་ཚུགས་ཐུབ་པའི་ཆེད་དུ་ཡིན་ལ་མཛེས་བྱེད་ཀྱང་ཡིན། འགའ་ཞིག་གིས་འགོད་ལུགས་འདི་རིགས་ནི་མི་རིགས་ཆེ་ག་གེ་མོ་ལ་མེད་དོ་ཟེར་ནས་འདི་དག་མེད་པར་བྱེད་པ་ནི་དགོས་པ་ཅི་ཡང་མེད་པར་མི་རིགས་ཀྱི་གོམས་འདྲིས་ཁྱད་དུ་གསོད་པར་བྱེད་པ་ཉིད་ལས་མ་འདས་པ་ཡིན་སྙམ་མོ། ཡང་དེ་ཉིད་ལས། ཡི་གེའི་རྐྱེན་ནི་དབུ་དང་ཤད་ཡིན་ཏེ། དབུ་ཤད་རྐྱེན་བྱས་ནས་གཞུང་ཡིག་བྲིས། ཞེས་གསུངས་པ་ལྟ་བུའོ།

ཚེ་རྡོར་གྱིས་བརྩམས་ཤིང་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི་བརྡ་སྤྲོད་རྣམ་བཤད་ཅེས་པའི་སློབ་དེབ་ལས་བཏུས།