无障碍阅读 关怀版

༄༅། ། འ་འགོ་དང་མ་མགོའི་དོན་ཐོབ་འཇུག་ཡུལ་སྐོར་གྱི་དཔྱད་བརྗོད་ཐུང་ངུ་།

དུས་ཚོད། 2018-05-14 རྩོམ་པ་པོ གླིང་དཔོན་པད་མ་སྐལ་བཟང་། རྩོམ་སྒྲིག ཉི་མ་དོན་གྲུབ།

ཉེ་བའི་ཆར་ཁོ་བོ་རྒས་པའི་སྒྲ་འཛིན་ཡུལ་དུ། འགའ་ཞིག་ནས་འགོ་ཁྲིད་ལ་དབུ་ཁྲིད་ཅེས་ཕྱིས་དར་འགོ་ཁྲིད་ལ་ཞེ་ཚིག་གམ་ཆེ་བརྗོད་ལྟ་བུར་ཁ་སྐད་བརྗོད་སྲོལ་དེ་དག་སྒྲུབ་བྱེད་ཡིན་ཁུལ་གྱིས་སྔར་ནས་ད་བར་འགོ་ཁྲིད་ལ་སྔོན་འཇུག་འ་ཡིག་གི་བརྡ་དག་བཀོད་དང་འགོད་བཞིན་པ་དེ་དག་མ་དག་ལྟ་བུར་བྱས་ཏེ་མགོ་ཁྲིད་ཅེས་སྔོན་འཇུག་མ་ཡིག་ཡིན་ཅིག་འབྲི་དགོས་པའི་ཨུ་ཚུགས་ཀྱི་གླེན་གཏམ་ཞིག་ཐོས།

གཞི་རྐང་ད་ལྟའི་བོད་སྐད་ཡིག་གི་གནས་སྐབས་གནས་བབ་ལ་བསམས་ན། བོད་ཡིག་ཐོག་གི་མིང་ངམ་ཐ་སྙད་ཅིག་ལ་ཡང་སྙིང་བརྡ་དག་ཇི་ཐོབ་གླེང་བརྗོད་བྱེད་པ་ནི་མཆིལ་མ་སླ་བའི་གནས་ལྟ་བུ་ཡིན་ཡང་། སྐད་ཡིག་ཅེས་པ་མི་རིགས་གང་རུང་གི་བླ་སྲོག་ལྟ་བུར་འཛིན་མཁན་ཞིག་གི་ངོས་ནས་བརྗོད་ན། དེ་ཡང་གླེང་རིན་མེད་པ་ཅི་ལ་ཡིན་ཏེ། སྐད་ཡིག་ཚད་ལྡན་ལ་སྲུང་སྐྱོབ་ནན་གྱིས་དགོས་པ་སྨོས་ཅི་དགོས། ཁོ་བོ་རྒས་པོར་དེ་འདྲའི་བརྡ་དག་ཇི་ཐོབ་རང་རྟོགས་ཀྱིས་ཁ་མཚོན་གཅོད་པའི་ཤེས་ནུས་ཀྱི་སྤོབས་པ་དབེན་ཡང་། འདི་ཡང་མི་རིགས་ཀྱི་བླ་སྲོག་དང་འབྲེལ་བའི་དོན་འགངས་ཆེ་བ་ཞིག་ཡིན་པར་བསམས་ཏེ། སྔར་དེང་མཁས་དབང་མང་པོའི་བཞེད་དགོངས་ཀྱིས་གཅིག་གྱུར་གཏན་ལ་དབབ་པའི་གསུང་གི་རྗེས་སུ་འབྲང་སྟེ། འདིར་ཅུང་ཟད་གླེང་བར་འདོད་དོ།

དེ་ཡང་། དེ་སྔའི་གཞུང་ཡིག་སོགས་ཡིག་རྙིང་ཁོ་བོའི་མཐོང་ལམ་དུ་གྱུར་པ་རྣམས་སུ། འགོ་བྱེད་དང་། འགོ་དཔོན། འགོ་དམངས་ཏེ་འགོ་དཔོན་དང་དམངས་ཞེས་པའི་དོན། དཔེར་ན། འགོ་དམངས་མཐའ་དག་ལ་བཟློ་བ། ཞེས་པ་ལྟ་བུ་དང་། དེ་བཞིན<དྰུ་ཀུ་ལའི་གོས་བཟང་>སོགས་ཡིག་རྙིང་རྣམས་སུ། འགོ་ཁྲིད་མི་སྣར་སྔོན་འཇུག་འ་ཡིག་སྦྱར་བ་ཤ་སྟག་ལས། མ་ཡིག་སྦྱར་བ་ནི་ཡིག་མཁན་གྱིས་འབྲི་ནོར་དུ་གྱུར་བ་བརྒྱ་ལ་རེ་འགའ་ཙམ་ཡོད་སྲིད་ཀྱང་། སྤྱི་ཡོངས་ཀྱི་འབྲི་སྲོལ་ནི་དོན་ཐོབ་ཡོངས་བསྒྲགས་སྔོན་འཇུག་འ་ཡིག་ལས། མ་ཡིག་སྦྱར་བ་གཏན་ནས་མེད་ཅིང་། དེ་བཞིན་ས་པཎ་གྱི་གསུང་ལས། མ་མགོ་ཡན་ལག་དམ་པ་སྟེ། འ་འགོ་ཐོག་མའམ་འཕེལ་བའི་སྒྲ། ཞེས་གསུངས་པ་ཐོས་ལ། སྔོན་ས་སྐྱ་བསོད་ནམས་རྩེ་མོས། བ་མས་འཕུལ་ལ་ཐོག་མར་ནི། མཆུ་བཙུམས་པ་ལ་ཁྱད་པར་སྣ། འས་འཕུལ་གྲེ་བའི་ཕུགས་ནས་དབྱུང་།ཞེས་གསུངས་པས། འདི་དག་སྐད་གཤིས་ཀྱི་སྒྲ་གདངས་དབྱུང་ཚུལ་ལ་བལྟོས་ཏེ། ཡན་ལག་གི་མཆོག་མགོ་ལ་མ་མགོ་དང་། འ་འགོ་ཐོག་མ་སྟེ། ལས་དོན་གང་གི་ཐོག་ལའང་གོ་བས་ཐོག་མའི་སྣེ་ཁྲིད་བྱེད་པོ་སོགས་ལའང་སྐད་ཀྱི་སྒྲ་གདངས་དབྱུང་ཚུལ་གྱིས་འ་འགོ་ཐོབ་པའི་དོན་བསྟན་མཛད་པའང་ཡིན་ལས་ཤེས།

གང་ལྟར་སྔོན་བྱོན་མཁས་པའི་གསུང་དང་སྔར་གྱི་དོན་དངོས་ལག་བསྟར་གྱི་འབྲི་སྲོལ་གང་ལ་གཞིགས་ཀྱང་འགོ་ཁྲིད་དམ་འགོ་དཔོན་སོགས་ལ་སྔོན་འཇུག་འ་ཡིག་ཁོ་ན་སྦྱར་བ་ལས། མ་ཡིག་སྦྱར་བ་མེད་པར་ངེས། སྐད་གཤིས་ཀྱི་བརྡ་སྦྱོར་ཐད་ལ་སྤྱི་ཚོགས་གསར་རྙིང་གི་དབྱེ་ད་འབྱེད་མ་དགོས་སྟབས། དུས་ཕྱིས་གྲགས་ཅན་མཁས་དབང་མང་པོས་མཛད་པའི་ཚིག་མཛོད་དམ། མིང་མཛོད། དག་ཡིག དཔེར་ན། ༡དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཏེ་༡༩༥༥ལོར་བོད་དམག་ཁུལ་ཁང་གི་ལས་བྱེད་སློབ་གྲྭའི་དགེ་རྒན་ཆེན་མོ་ཟས་གཞིས་ཚེ་དབང་རྣམ་རྒྱལ་མཆོག་ནས་བརྩམས་གནང་བའི་དག་ཡིག་མ་ནོར་ལམ་བཟང་དང་། ༢ ༡༩༥༧ལོར་མི་རིགས་དཔེ་སྐྲུན་ཁང་ནས་འགྲེམས་སྤེལ་བྱས་པ། དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ། ཞེས་བྱ་བར་སྐབས་དེར་མཁས་དབང་ཤེས་རབ་འོད་ཟེར་སོགས་མཁས་པ་ལྔ་ཙམ་ལྷན་འཛོམས་ཀྱིས་ཞུ་དག་མཛད་པ་དེ་དང་། ༣ ༡༩༧༣ལོར་འགོ་བརྩམས་པའི་བརྡ་དག་གསར་སྒྲིག མཁས་དབང་བསམ་གཏན་སོགས་རྒྱ་བོད་མཁས་པ་དྲུག་གིས་མཛད་པ། ༤རྒྱ་བོད་མིང་མཛོད་དང་། ༥ བོད་རྒྱ་མིང་མཛོད། ཅེས་པ་ཁག་གཉིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔྱོད་ཙུའུ་ནས་སྔ་རྟིང་དུ་བསྒྲིགས་པ། ༦ བོད་རྒྱ་ཤན་སྦྱར་གྱི་ལྷ་སའི་ཁ་སྐད་མིང་མཛོད། ༧ དེང་རབས་བོད་སྐད་ཚིག་མཛོད།མཁས་དབང་རྡོ་སྦིས་ཚེ་རིང་རྡོ་རྗེས་རྩོམ་སྒྲིག་མཛད་པ། ཕྱིས་དར་ཚིག་མཛོད་རྒྱས་པའི་གྲས་ཤིག ༨ དུང་དཀར་ཚིག་མཛོད། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནས་མཛད་པ། ༩ བོད་རྒྱ་ཚིག་མཛོད་ཆེན་མོ། མཁས་དབང་མང་པོ་མཉམ་བགྲོས་ཀྱིས་མཛད་པ་ཡོངས་གྲགས་བཅས་དང་། སློབ་ཆུང་དག་ཡིག་སོགས་ཁོ་བོས་ད་ཕན་དངོས་མཐོང་ཕྱིས་དར་ཚིག་མཛོད་དང་མིང་མཛོད་སོགས་གོང་དུ་དྲངས་པ་དེ་དག་ཚང་མར་ཡང་། འགོ་ཁྲིད་དང་། འགོ་བྱེད། འགོ་དཔོན་སོགས་ལ་སྔོན་འཇུག་འ་ཡིག་སྦྱར་བ་ཤ་སྟག་དང་། མགོ་བརྙན་དང་། མགོ་བོ། མགོ་ཀླད་སོགས་ལ་སྔོན་འཇུག་མ་ཡིག་སྦྱར་བ་ཡོངས་སུ་གཅིག་མཐུན་ཡིན་པ་ནི་བོད་ཡིག་ཀློག་ཤེས་ཀུན་གྱིས་གཟིགས་གསལ་ལ་བརྟེན། འགོ་ཁྲིད་དང་འགོ་བྱེད་ལ་སྔོན་འཇུག་མ་ཡིག་སྦྱོར་དགོས་པ་ཨུ་ཚུགས་མཛད་པོ་རྣམ་པས། དེ་སྔའི་ཡིག་རྙིང་ཐོག་འཁོད་པ་རྣམས་ཁས་བཞེས་གནང་འདོད་མེད་མཁན་ཡིན་ན་མ་བླངས་ཀྱང་ཆོག ཕྱིས་དར་གོང་དུ་དྲངས་པའི་ཚིག་མཛོད་དང་མིང་མཛོད་སོགས་ཀྱི་ཐོག་འཁོད་པ་འདི་དག་དེང་རབས་ཀྱི་མཁས་དབང་མང་པོའི་དགོངས་བཞེད་གཅིག་མཐུན་ཡིན་པ་དེ་རྣམས་ཀྱང་མ་དག་ལྟ་བུར་བསམས་པ་ནི་མཁས་རློམ་གྱི་ཞལ་པོ་ཆེ་དྲགས་པར་ཟད་ཅིང་།བོད་སྐད་ཡིག་ལ་སྦྱོང་སྤྱོད་བྱེད་པོ་སུས་ཀྱང་དང་ལེན་བྱེད་དུ་མི་བཏུབ་པ་ཞིག་ཀྱང་ཡིན། དེས་ན་ད་ཕན་ལོ་ངོ་སྟོང་ཕྲག་སྔོན་རོལ་ནས་རིམ་བྱོན་མཁས་གྲུབ་ལོ་པཎ་གྲངས་ལས་འདས་པའི་ཐུགས་རྗེའི་བཀའ་དྲིན་ལས་བྱུང་བའི་ཆེས་སྔོན་ཐོན་ཅན་གྱི་བོད་སྐད་ཡིག་འདི་ཉིད་ཀྱིས་གཙོས་ཚད་མཐོའི་ཚན་རིག་གི་རང་བཞིན་ལྡན་པ་གཟུར་གནས་ཀུན་གྱིས་ཁས་ལེན་མཛད་མུས་ཀྱི་བོད་ཀྱི་ཆོས་དང་རིག་གཞུང་མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུ་འདི་དག་ཟང་ཟིང་དང་འཆལ་འཆོལ་བཟོས་ཏེ་གཏོར་རྒྱུའི་ངན་འཆར་གྱི་རྗེས་སུ་མ་འབྲང་བར་རང་རེ་བོད་མི་རིགས་ཀྱི་བླ་སྲོག་སྐད་ཡིག་ཕུན་སུམ་ཚོགས་པ་འདི་དག་རྒྱུད་འཛིན་དང་སྦྱོང་སྤྱོད་དར་སྤེལ། ཡུན་གནས་སྲུང་སྐྱོབ་བཅས་ལ་ཚང་མས་འཕྱར་བ་གྲུ་འདེགས་གནང་དགོས་པ་ལས། ཁུངས་མེད་གསར་གཏོད་གསེར་སྐུ་རག་བསྒྱུར་ལྟ་བུ་གཏན་ནས་གནང་འོས་མ་མཆིས་ཞེས་ཁ་ཏ་ཡང་ཞུ་ཐལ་དུ་གྱུར་པར་དགོངས་ཚོམ་མེད་པ་མཁྱེན།