无障碍阅读 关怀版

༄༅། ། ཐོན་མི་སམ་བྷོ་ཊས་བོད་ཡིག་ཇི་ལྟར་གསར་དུ་བཟོས་ཚུལ།

དུས་ཚོད། 2018-05-16 རྩོམ་པ་པོ ཆ་རིས་སྐལ་བཟང་ཐོགས་མེད། རྩོམ་སྒྲིག ཉི་མ་དོན་གྲུབ།

འཕྲུལ་གྱི་བློན་པོ་ཐོན་མི་སམ་བྷོ་ཊས་རྒྱ་གར་གྱི་སྒྲ་རིག་པ་དང་ལེགས་སྦྱར་གྱི་ཡི་གེ་འབྲི་ཀློག་ལ་མཁས་ཤིང་ནང་བྱན་ཆུད་པ་བགྱིས་ལ། དེ་ནས་བོད་རང་གི་སྐད་ཀྱི་ཐ་སྙད་སོ་སོ་དང་གདངས་ཀྱི་ང་རོ་རྣམས་ལ་ཐུགས་གཞིག་གང་ལེགས་མཛད་པའི་མཐར་ལཉྫ་དཔེར་བྱས་ནས་བོད་ཀྱི་ཡི་གེ་དབུ་ཅན་དང་ཝརྟུ་དཔེར་བྱས་ནས་བོད་ཡིག་དབུ་མེད་བཟོས་པར་གྲགས་ཤིང་། ལྷག་པར་དུ་ལེགས་སྦྱར་གྱི་དབྱངས་བཅུ་དྲུག་ལས་བོད་སྐད་ལ་མི་མཁོ་བའི་དབྱངས་བཅུ་གཅིག་དོར། དབྱངས་ཡིག་ཨ་གསལ་བྱེད་ཀྱི་ཁོངས་སུ་སྦྱར། ལྷག་མ་ཨི་ཨུ་ཨེ་ཨོ་སྟེ་དབྱངས་བཞི་རུ་ངེས་པར་མཛད། ལེགས་སྦྱར་གྱི་སྐད་ཀྱི་གསལ་བྱེད་སོ་བཞིའི་ནང་ནས། འཐུག་པོ་ལྔ་དང་། ལོག་པ་བཞི། དྲོ་བ་གཅིག མཐར་ཟད་ཀྱི་ཡི་གེ་གཅིག་བཅས་གསལ་བྱེད་ཡི་གེ་བཅུ་གཅིག་པོ་བོད་རང་གི་གསལ་བྱེད་དུ་མི་མཁོ་བར་དགོངས་ནས་དོར་བའི་ཁར་བོད་ལ་ཉེ་བར་མཁོ་བ་སྟོད་དུ་ཅ་ཆ་ཇ་གསུམ་དང་། སྨད་དུ་ཞ་ཟ་འ་གསུམ་སྟེ་ཡི་གེ་དྲུག་གསར་དུ་བསྣན་པས་ཉེར་དགུ་དང་། བོད་ཡིག་ཀྱི་སྐབས་སུ་ལེགས་སྦྱར་ལྟར་ཀྰ་ལའི་སྲོག་ཏུ་ཞུགས་པ་དང་མཚམས་སྦྱར་བ་སོགས་དབྱངས་ཡིག་གི་བྱ་བ་བསྒྲུབ་ཏུ་མེད་པས་ན་ཨ་ཡིག་གསལ་བྱེད་ཀྱི་མཐར་སྦྱར་ནས་གསལ་བྱེད་སུམ་ཅུར་ངེས་པར་བཟོས། དེ་ནས་ག་ད་བ་མ་འ་སྟེ་སྔོན་འཇུག་ལྔ། ག་ང་ད་ན་བ་མ་འ་ར་ལ་ས་རྣམས་སྟེ་རྗེས་འཇུག་བཅུ། ད་ས་སྟེ་ཡང་འཇུག་གཉིས། ར་ལ་ས་སྟེ་མགོ་ཅན་གསུམ། ཡ་ར་ལ་ཝ་སྟེ་འདོགས་ཅན་བཞི་རྣམས་དང་། གཞན་ཡང་ཀ་ཁ་ཅ་ཆ་ཇ་ཉ་ཏ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ་སྟེ་ཡི་གེའི་གཙོ་བོ་ཉི་ཤུ།ག་ད་བ་མ་འ་སྟེ་ཤིན་ཏུ་གཅེས་པའི་ཡི་གེ་ལྔ། ཀ་ག་ཉ་ཏ་ད་ན་ཞ་ཤ་ཧ་སྟེ་རྐང་པ་ཅན་གྱི་ཡི་གེ་དགུ། ཀ་ག་ང་ཅ་ཇ་ཉ་ཏ་ད་ན་པ་བ་མ་ཙ་ཛ་ལ་ཧ་སྟེ་བུའི་ཡི་གེ་བཅུ་དྲུག ཀ་ག་བ་ཟ་ར་ལ་ས་སྟེ་མའི་ཡི་གེ་བདུན། ར་ལ་ས་སྟེ་ཡི་གེ་ཀུན་གྱི་མ་གསུམ། ཀ་ག་བ་ཟ་སྟེ་ལ་ཡིག་སྒོས་ཀྱི་མ་བཞི། ཅ་ཧ་སྟེ་ལ་ཡིག་སྒོས་ཀྱི་བུ་གཉིས། ཙ་ཛ་སྟེ་ར་ཡིག་སྒོས་ཀྱི་བུ་གཉིས། ཁ་ཆ་ཐ་ཕ་ཚ་ཝ་ཞ་ཡ་ཤ་ཨ་སྟེ་འཕུལ་རྟེན་དང་མ་བུ་གང་ཡང་བྱེད་ཅིང་ཀུན་ཏུ་རྒྱུ་བའི་ཡི་གེ་གཉིས། རྐ་སོགས་ར་མགོ་ཅན་བཅུ་གཉིས། ལྐ་སོགས་ལ་མགོ་ཅན་ཅན་བཅུ། སྐ་སོགས་ས་མགོ་ཅན་བཅུ་གཅིག ཀྱ་སོགས་ཡ་བཏགས་བདུན། ཀྲ་སོགས་ར་བཏགས་བཅུ་གཅིག ཀླ་སོགས་ལ་བཏགས་དྲུག ཀྭ་སོགས་ཝ་བཏགས་བཅུ་གཉིས། གི་གུ། འགྲེང་བུ། རྣ་རུ་སྟེ་སྟེང་ན་ཞྭ་ལྟར་ལྡིང་བ་གསུམ།ཞབས་ཀྱུ། ཡ་བཏགས། ར་བཏགས་སྟེ་འོག་ན་གདན་ལྟར་མཛེས་པ་གསུམ། འ་ནི་མེད་ཀྱང་རུང་བའི་ཡི་གེ་གཅིག་ཅེས་བཤད་པ་དང་། གཞན་ཡང་དབྱངས་བཞི་དང་དབུ་ཁྱུད། ཤད། བར་ཚེག་རྣམས་ལ་སྲོག་དང་། རྐྱེན་གྱི་ཡི་གེ་དང་། ཨ་ནི་མ་དང་གསལ་བྱེད་ལྷག་མ་ཉེར་དགུ་ནི་ཕ། ཞྭ་དང་གདན་གྱི་དཔེའི་ཡི་གེ་དྲུག་ནི་བུ་ཚྭའི་ཡི་གེ་ཞེས་བྱ་བ་དང་། རྟགས་འཇུག་སྐབས་སུ་གསལ་བ་ལྟར་ཕོ་མོ་མ་ནིང་གི་ཡི་གེ་དང་། མགོ་འདོགས་མ་སྦྱར་བ་ལ་རྐྱང་བའི་ཡི་གེ་དང་། སྔོན་འཇུག་དང་རྗེས་འཇུག་ཅན་ལ་འཕུལ་རྟེན་གྱི་ཡི་གེ་དང་། སྐ་སྒྲ་སྨྱུ་ལྟ་བུ་ལ་བརྩེགས་འདོགས་ཀྱི་ཡི་གེ་ལ་སོགས་པའི་ཐ་སྙད་ཀྱི་རྣམ་བཞག་ཆ་ཚང་བ་ཞིབ་མོར་གཏན་ལ་ཕབ་པར་གྲགས་སོ།

དེའང་རྒྱལ་པོ་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་གྱི་སྟེང་རྒྱལ་སྲིད་ཀྱི་ཁྲི་ལ་མངའ་མཛད་པའི་དུས་སུ་དགའ་སྟོན་གྱི་ཡོ་ལང་རྒྱ་ཆེན་པོ་བྱས་པ་ན། ཤར་གྱི་རྒྱ་ནག་དང་ཁྲི་བརྟན། ལྷོ་ཕྱོགས་ཀྱི་རྒྱ་གར་དང་ཁ་ཆེ། ནུབ་ན་སྟག་སྡེ་དང་གཟིག་ཡན། བྱང་གི་ཁྲོམ་དང་གེ་སར་ཏེ། མཐའ་བཞིའི་རྒྱལ་པོ་རྒྱལ་ཕྲན་རྣམས་ཀྱིས། བོད་ཡུལ་དུ་སྤྲུལ་པའི་རྒྱལ་པོ་ལོ་ཤིན་ཏུ་གཞོན་པ་ཞིག་གིས་རྒྱལ་སྲིད་སྐྱོང་ངོ་ཞེས་སྙན་པའི་གཏམ་ཐོས་ནས། རེ་རེ་ནས་ཕོ་ཉ་སོགས་ཡང་ཡང་མངགས་ཏེ་བོད་རྒྱལ་ལ་སོ་སོའི་ཡི་གེའི་ཐོག་ནས་བསྟོད་པའི་འཕྲིན་དང་དཔྱ་དང་སྐྱེས་ལོ་ཏང་དུ་དངོས་པོ་འདི་དང་འདི་ཡོད་དོ། ཞེས་འཕྲིན་བསྐུར་བ་ལ། དེ་དུས་བོད་རང་ལ་ཡི་གེ་མེད་སྟབས་སྐྱེས་ལན་དང་འཕྲིན་ལན་སོགས་ཀྱི་བྱ་སྒོ་ཡོད་ཚད་ཡུལ་གྲུ་གཞན་དག་གི་ཡི་གེ་ལྟར་འབྲི་བའམ། ངག་འཕྲིན་ཙམ་ལས་བསྐུར་རྒྱུ་མ་བྱུང་བ་དེར་བཙན་པོའི་ཐུགས་དགོངས་ལ་ཡུལ་གྲུ་གཞན་གྱི་ཡི་གེ་ལ་མ་ལྟོས་བར་བོད་རང་ལ་རང་གི་སྐད་དང་མཐུན་ཞིང་ཆོས་སྲིད་ཀྱི་དོན་གསལ་སྟོན་ཐུབ་པའི་ཡི་གེ་ཞིག་མེད་ན། རྒྱལ་སྲིད་ཀྱི་བྱ་བ་གང་ཡང་ལེགས་པར་བྱེད་མི་ནུས་པ་དང་། རྒྱལ་ཁམས་གཞན་གྱིས་ཀྱང་འཕྱ་བའི་གནས་སུ་འདུག་སྙམ་ནས་སྔ་ཕྱིར་བོད་མི་དུ་མ་རྒྱ་གར་ཕྱོགས་སུ་མངགས་པ་ལ་བརྟེན་ཏེ་ད་ལྟའི་བོད་ཡིག་འདི་བསྐྲུན་པ་ཡིན་ནོ།