无障碍阅读 关怀版

༄༅། ། ཝ་ཟུར་གྱི་སྐོར་ལ་དཔྱད་པ།

དུས་ཚོད། 2018-05-19 རྩོམ་པ་པོ སེར་ལྷ་བློ་བཟང་རྒྱ་མཚོ། རྩོམ་སྒྲིག ཉི་མ་དོན་གྲུབ།

punctuation'>

དེ་ཡང་བརྡ་སྤྲོད་པའི་གཞུང་གི་བརྗོད་བྱའི་ནང་གསེས་ཝ་ཟུར་གྱི་སྐོར་ལས་འཕྲོས་ཏེ་དཔྱད་པ་ཕྱོགས་ཙམ་བྱས་ན། ཐོག་མར་ཝ་ཟུར་ཞེས་པ་གང་ཞིག་ལ་ངོས་བཟུང་དགོས་པ་དང་།  ཝ་ཟུར་ཅན་གྱི་ཡི་གེའི་གྲངས།    ཝ་ཟུར་སྦྱར་བའི་དགོས་པ། ཝ་ཟུར་གྱི་ངེས་ཚིག་སྟེ་དོན་ཚན་བཞིའི་སྒོ་ནས་འཆད་པ་ལ།  དང་པོ། ཝ་ཟུར་ཞེས་པ་ཝ་ཡིག་གི་ཟུར་རམ་ཝ་ཡིག་ཕྱེད་ཀ་ཞིག་ལ་ངོས་འཛིན་དགོས།  དེ་ཡང་ཝ་ཡིག་ནི་གསལ་བྱེད་སུམ་ཅུའི་ནང་གསེས་མིང་གཞིའི་མོ་ཡིག་ཅིག་སྟེ། དབྱིན་ཡིག་གི་( va )དང་སྒྲ་མཚུངས་སུ་ཡོད།  ཝ་ཟུར་ཞེས་པ་ནི་གསལ་བྱེད་སུམ་ཅུའི་ནང་གསེས་མིང་གཞིའི་ཝ་ཡིག་གི་ཟུར་རམ་ཆ་ཤས་ཤིག་སྟེ། མིང་གཞིའི་ཡི་གེ་གང་རུང་བའི་འོག་ཏུ་ལྷན་ཐབས་སུ་སྦྱར་བ་ཞིག་ལ་གོ་དགོས།  མིང་གཞན་ཝ་བཏགས་ཀྱང་ཟེར་སྲོལ་འདུག   འདི་ནི་དཔྱད་དགོས་པ་ཞིག་སྟེ།  སྤྱིར་ན་འདོགས་ཅན་དེ་དག་ལ་གཟུགས་ཧྲིལ་པོ་བཏགས་པ་དང་ཆ་ཤས་ཙམ་བཏགས་པ་གཉིས་ཡོད་ཅིང་།  དང་པོ་ནི་ལ་བཏགས་དང་གཞན་རྣམས་ཆ་ཤས་ཙམ་བཏགས་པའོ།  སྒྲ་གདངས་ཐོན་ཚུལ་ལ་གཞིགས་ན་རང་ཉིད་གང་ལ་བཏགས་པའི་ཡི་གེ་དང་སྦྱར་ནས་ཀློག་པའི་ཚེ་རང་སྒྲ་ཐོན་པ་ཞིག་ཅིས་ཀྱང་དགོས་མོད།  འདི་ནི་ཡིག་གཟུགས་ཀྱི་ཆ་ནས་ཝ་ཡིག་གི་ཆ་ཤས་ཙམ་བཏགས་པ་ལས་ཝ་ཡིག་བཏགས་མེད་ཅིང་། མིང་གཞིའི་ཡི་གེ་གང་ཞིག་ལ་ཝ་ཟུར་ཡོད་མེད་ལས་སྒྲ་གདངས་གཞན་དུ་འགྱུར་བའི་ངེས་པ་མེད་པ་དང་།  བུ་དྲུག་གི་གྲས་སུ་ཝ་ཟུར་ནི་མེད་ཀྱང་ཆོག་པའི་གནད་ཀྱིས་མ་བགྲང་བས་སོ། །ཐ་སྙད་འདོགས་སྟངས་ཀྱི་ཐད་ནས་བཤད་ན་འདོགས་ཅན་གཞན་ཏེ། ཡ་ར་ལའི་འདོགས་ཅན་སོ་སོར་ཡ་བཏགས་སོགས་སུ་བསྙད་པ་ལས་ཡ་ཟུར་དང་། ར་ཟུར།  ལ་ཟུར་ཞེས་མི་ཟེར་བར་ཝ་བཏགས་ལ་ཝ་ཟུར་ཞེས་པའི་མིང་ལོགས་སུ་བཏགས་པའི་དགོས་པ་ངེས་ཏན་ཞིག་ཡོད་དགོས་པ་དང་། དེར་མ་ཟད་བོད་རྒྱ་ཚིག་མཛོད་ཆེན་མོར་ཝ་ཟུར་གྱི་དོན་ཝ་ཕྱེད་དུ་འགྲེལ་ཡོད་པས་སོ།། སྤྱིར་བཏང་ཝ་ཕྱེད་ཅེས་པའི་མིང་གི་འཇུག་ཡུལ་ལ་བ་ཕྱེད་ཝ་རུ་འབོད་པའི་བ་དང་། ཝ་ཟུར་གྱི་མིང་གཞན་ཝ་ཕྱེད་ཅེས་པ་གཉིས་མངོན་ཡང་། བ་ཕྱེད་ཝ་རུ་འབོད་ཅེས་པའི་ཝ་དང་། ཝ་ཟུར་གྱི་རྣམ་གྲངས་གཞན་ཝ་ཕྱེད་ཅེས་པ་གཉིས་གཏན་ནས་མི་འདྲ་སྟེ། ཝ་ཟུར་གྱི་རྣམས་གྲངས་གཞན་ཝ་ཕྱེད་ནི་གཟུགས་ཀྱི་ཆ་ནས་ཝ་ཡིག་གི་ཟུར་རམ་ཆ་ཤས་ཙམ་དང་།  སྒྲ་གདངས་ཀྱི་ངོས་ནས་ཝ་ཟུར་ཅན་གྱི་ཡི་གེ་ཀློག་པའི་ཚེ་ཝ་སྒྲ་ཐོན་པའི་ངེས་མེད་ཅིང་། བ་ཕྱེད་ཝ་རུ་འབོད་ཅེས་པའི་བ་ནི་ཡིག་གཟུགས་ཀྱི་ཆ་ནས་བ་ཡིག་ལས་ལོགས་སུ་མེད་ཀྱང་སྐད་གདངས་ཀྱི་ཆ་ནས་ཝ་དང་སྒྲ་གདངས་ཉེ་བར་ཐོན་པ་ཞིག་དགོས་ཏེ།  ངག་སྒྲོན་རྩ་བར།  བདེ་འོ་ལ་སོགས་རྫོགས་ཚིག་ལ། འོ་ཉིད་སྤྱི་བོ་ལ་སོགས་པའི། མིང་ལ་བ་ཕྱེད་ཝ་ཉིད་དོ། ཞེས་དང་། བ་ཕྱེད་ཝར་འབོད་རྣམས་ལ་བ།  ཞེས་གསུངས་སོ།  ། དེའི་དོན་ནི་ཀ་བ་དང་རི་བོང་ལྟ་བུའི་མིང་ཚིག་དག་ངག་ནས་འདོན་པ་ན་ཝ་སྒྲ་ཕྱེད་དང་ལྡན་པའི་སྒོ་ནས་ཀློག་དགོས་པས་བ་ཕྱེད་ཝ་རུ་འབོད་ཅེས་སྨོས་སོ། ། འོན་ཀྱང་བོད་རྒྱ་ཚིག་མཛོད་ཆེན་མོར། བ་ཕྱེད་ཝ་རུ་འབོད་ཅེས་པའི་ཝ་དེ་སྨད་འདོགས་བཞིའི་ཡ་གྱལ་ཝ་ཡིག་ལ་བཞག་འདུག་པས་དགོངས་པ་གང་ཡིན་དཔྱད་པར་ཞུ།

གཉིས་པ་ནི། ཝ་ཟུར་ཅན་གྱི་ཡི་གེ་བཅུ་བཞི་ཡོད་དེ། རྐྱང་པའི་དབང་དུ་བྱས་པ་བཅུ་གཉིས་དང་བརྩེགས་འདོགས་དབང་དུ་བྱས་པ་གཉིས་སོ།  །དང་པོ་ནི། ཀྭ་ཁྭ་གྭ་ཉྭ།  དྭ་ཚྭ་ཟྭ་ཞྭ། རྭ་ལྭ་ཤྭ་ཧྭ་དང་།   གཉིས་པ་ནི། རྩྭ་དང་ཕྱྭའོ། སྤྱིར་བཏང་ཝ་ཟུར་གྱི་གྲངས་ཚད་ལ་མི་མཐུན་སྣང་སྟེ།  ཝ་ཟུར་གྲངས་བཅོ་ལྔ་དང་།  བཅུ་གཉིས་སོགས་སུ་འདོད་པའང་ཡོད། འོན་ཀྱང་གྲངས་བཅུ་གཉིས་སུ་འདོད་པ་ནི་རྐྱང་པའི་དབང་དུ་བྱས་པ་དང་། བཅོ་ལྔར་བཞེད་པ་སྔགས་ཡིག་གི་འབྲི་སྲོལ་ལྟར་ཏྭ་བགྲང་པས་སོ། །སྔགས་ཡིག་རྣམས་ལྟར་ན་དེ་ལས་མང་བ་ཡོད་ཀྱང་དེ་ནི་སྔགས་ཡིག་ཀློག་སྟངས་ཀྱི་སྐད་གདངས་ལ་གཞིགས་ཏེ་བྲིས་པ་ལས་ཡི་གེའི་ཐོབ་ཐང་གི་དབང་དུ་བྱས་པ་མིན་ནོ།  །

༤ ༽      གསུམ་པ་དགོས་པ་ནི། སྤྱིར་ཝ་ཟུར་སྦྱར་བའི་དགོས་པ་ལ་རིགས་དགར་ན་གཉིས་ཏེ།  ཀློག་མི་ནོར་བ་དང་དོན་མི་ནོར་བ་གཉིས་སོ། དང་པོ་ནི། དཔེར་ན།  རི་དྭགས་དང་བླ་དྭགས།  ལྟ་བུར་མིང་གཞིའི་ད་ཡིག་ལ་ཝ་ཟུར་མེད་ན་ད་ཡིག་སྔོན་འཇུག་ཏུ་ཀློག་སྲིད་པས་ཀློག་མི་ནོར་བའི་དགོས་པ་ཡོད། དེས་ན་འདིའི་རིགས་ཀྱི་ཡི་གེ་འགའ་ཞིག་ཀློག་པའི་སྐབས་སུ་མིང་གཞི་སྔོན་འཇུག་ཏུ་འཁྲུལ་བའི་ཉེན་ཚབས་ཆེ་བས་མིང་གཞི་དང་སྔོན་འཇུག་མི་ནོར་བའི་སླད་དུ་ཝ་ཟུར་འབྲི་དགོས། འོན་ཀྱང་འདི་ལ་ཝ་ཟུར་ཡོད་མེད་ཀྱི་དབང་གིས་སྒྲ་གདངས་འགྱུར་བ་མེད་དོ།  །སྔོན་འཇུག་མིང་གཞིར་ནོར་བའི་དྭོགས་པ་འབྱུང་སྲིད་པ་ཙམ་ལ་ཝ་ཟུར་དགོས་པའི་ངེས་པ་མེད་པར་མངོན་ཏེ།  དཔེར་ན།  མངས་སུ་དྭོགས་ནས་མ་བྲིས་ལྟ་བུའི་མིང་གཞིའི་མ་ཡིག་ཀློག་སྟངས་ནོར་བའི་དབང་གིས་སྔོན་འཇུག་ཏུ་ཀློག་སྲིད་མོད།  འོན་ཀྱང་འདི་ལ་ཝ་ཟུར་འབྲི་བའི་སྲོལ་མེད།  མངས་ཞེས་པའི་ཡི་གེ་འདི་ཚིག་ཕྱི་མ་དྭོགས་ཞེས་པའི་སྟོབས་ཀྱིས་ཀློག་ཚུལ་བདེ་བླག་ཏུ་རྟོགས་ནུས་པ་དང་འཇུག་པ་ཉུང་ཞིང་ཚིག་གྲོགས་ངེས་བཟུང་ཡོད་པའི་གནད་ཀྱིས་ཀློག་ནོར་བའི་དྭོགས་པ་ཆས་ཆུང་བ་ལ་བརྟེན་ནས་ཝ་ཟུར་མ་བྲིས་པ་ཡིན་ནམ་སྙམ།

གཉིས་པ་ནི།  དོན་མི་ནོར་ཆེད་དུ་ཝ་ཟུར་བྲིས་པ་ནི། དཔེར་ན།  ཁྭ་ཏ་ཞེས་པ་བྱ་རིགས་ཤིག་གི་མིང་ཡིན་ཞིང་།  འདི་ལ་ཝ་ཟུར་མེད་ན་ཁ་ཏ་ཞེས་བསླབ་བྱ་བྱེད་པར་གོ་བ་དང་། དེར་མ་ཟད་མཁས་པ་འགའ་ཞིག་གིས་ཁ་ཝ་ཟུར་ཅན་ལ་ཝ་སྒྲ་ཐོན་པར་གསུངས་ཡོད་པས་དེའི་དབང་དུ་བྱས་ནས་ཝ་ཟུར་བྲི་དགོས། རྩྭ་ནི་སྔོ་ཚོད་ལས་གཞན་པའི་གཞུང་རྟ་མཉེན་པའི་རྩི་ཤིང་དང་རྩྭ་ཀུ་ཤ་སོགས་ལ་འཇུག  རྩ་ནི་རྩ་བ་དང་ལུས་ཀྱི་རྩ་ལྟ་བུ་སྟེ་འདི་གཉིས་མི་ནོར་བའི་ཆེད་དུའོ། །ཞྭ་ཞེས་པ་ཞྭ་མོ་དང་༑  ཞ་ནི་གསལ་བྱེད་སུམ་ཅུའི་ནང་གསེས་སྡེ་པ་ལྔ་པའི་དང་པོ་དང་།  གཞན་ཡང་ཡན་ལག་སྐྱོན་ཆ་ཤོར་ནས་རྐང་པ་ཞ་ལྟ་བུ་དང་།  གཙོ་བོར་ཞྭ་མོ་དང་ཞ་འཐེང་གི་ཞ་དང་ གཉིད་མཐུགས་པོ་ལོག་པའི་སྐབས་སུ་སྒོ་ལྔའི་ཤེས་པ་བག་ལ་ཞ་ལྟ་བུར་མི་ནོར་བའི་ཆེད་ཡིན། གྲྭ་ནི་ཟུར་དང་ཆ་ཤས་ལ་གོ་ཞིང་གྲ་ཞེས་སྤུའི་རིགས་ཤིག་ལ་འཇུག་པས་དེ་གཉིས་ཀྱི་ཁྱད་པར་དབྱེ་ཕྱིར་དང་། དགོས་པ་དེ་ཙམ་དུ་མ་ཟད་སློབ་གྲྭ་དང་བཟོ་གྲྭ་ལྟ་བུར་དག་པར་ཀློག་སྐབས་ཝ་སྒྲ་ཐོན་པའི་གནད་ཀྱིས་ཝ་ཟུར་སྦྱར་རོ། ཟྭ་ཞེས་པ་སྒོ་ལྕགས་ཀྱི་མིང་ཡིན་ཞིང་ཝ་ཟུར་མེད་ན་ཟ་ཞེས་འབྱུང་ཞིང་། འདི་ནི་བྱ་ཚིག་ཞིག་སྟེ་ཟས་ཟ་བའི་ད་ལྟ་བ་སྟོན་བྱེད་དོ། །རྭ་ནི་རྭ་ཅོ་དང་ར་བ་སོགས་ལ་འཇུག་པ་སྟེ། གཡག་རྭ་དང་རྩྭ་རྭ་ལྟ་བུ་དང་། རྭ་ཅོ་དང་སྒོ་ཟོག་ར་གཉིས་གཉིས་མི་ནོར་བའི་སླད་དུའོ། ཧ་ནི་ཁ་ནས་ཕྱུང་བའི་དབུགས་ཏེ།  མེ་ལོང་ལ་ཧ་བཏབ་པ་བཞིན་ལྟ་བུའོ། ཧྭ་ནི་གོས་ཀྱི་གོང་ང་དང་།  རིའི་ཉག་ག་སོགས་ཀྱི་དོན་སྟོན་བྱེད་དོ། །ཕྱྭ་ནི་བདེ་སྐྱིད་དང་ནོར་ལོངས་སྤྱོད་སོགས་དང་།  མོ་ཕྱྭ་དང་ཕྱྭ་གཡང་སོགས་ལ་བ་སྒྲ་ཐོན་གྱི་ཡོད།  ཚྭ་ནི་རོ་དྲུག་གི་ནང་ཚན་གྱི་ལན་ཚ་བར་འཇུག་ཅིང་།  མེའི་ཚ་བ་སོགས་དང་མི་ནོར་བའི་ཆེད་ཡིན་ལ། དགོས་པ་དེ་ཙམ་དུ་ཟད་པ་མ་ཡིན་ཏེ།  ཚ་བ་ཞེས་པ་མེ་ཡི་ཚ་བ་དང་ནམ་ཟླ་དཔྱིད་ཀ་ཤར་བ་ན་ཚ་དྲོད་འབྱུང་ལྟ་བུའོ། །སྐབས་འགར་ཚ་བ་དང་ལན་ཚྭ་བ་ཞེས་བྲིས་པ་འདུག་པས་ཚ་རྐྱང་པ་ལ་ཝ་སྒྲ་ཐོན་དགོས་པར་སེམས།  དཔེར་ན།  ཚྭ་ཁང་ཚན་ཞེས་ངག་ནས་འདོན་པ་ན་ཝ་སྒྲ་ངེས་པར་ཐོན་དགོས།  དེས་ན་ཚ་བ་ཁང་ཚན་དང་མདོ་ཁམས་སྒང་དྲག་གི་ཡ་གྱལ་ཚ་བ་སྒང་ཞེས་བ་ཡིག་ཡོད་སར་ཝ་ཟུར་མི་དགོས་པ་དང་།  བ་ཡིག་མེད་ན་ངེས་པར་ཝ་ཟུར་འབྲི་བའི་ཚུལ་ངེས་བརྟན་ཞིག་ཡོད་ན་ལེགས་པར་སེམས། རོ་དྲུག་གི་ནང་ཚན་གྱི་ལན་ཚྭ་བའི་དོན་སྟོན་པ་ལ་ཝ་ཟུར་འབྲི་བའི་ངེས་པ་མེད་དེ།  རྭ་ཚ་ཞེས་ཁ་དོག་རྭ་ལྟར་ནག་པའི་ཚྭ་ལ་འཇུག འདི་དག་ནི་དོན་མི་ནོར་བ་ཙམ་དུ་མ་ཟད་ཝ་སྒྲ་ཐོན་མི་ཐོན་ཅི་རིགས་པར་སྣང་ངོ་། །གྭ༽གཡག་གྭ་གྭ་ལྟ་བུའོ། ག་ག་ཞེས་ཀྱང་ཟེར། གཞན་ཡང་དེང་སང་དྲ་བ་དང་དྲྭ་བ་རེས་མོས་སུ་འབྲི་མཁན་སྣང་ཡང་མ་དག་པར་སེམས་ཏེ།  དྲྭ་ཞེས་པ་ལ་ཝ་ཟུར་སྦྱར་བ་ནི་ཝ་སྒྲ་ཐོན་པའི་སླད་ཡིན་ལ།  དྲྭ་རྒྱ་ཞེས་པ་ཝ་ཟུར་གྱི་དབང་གིས་ཝ་སྒྲ་ཐོན་པ་དང་།  དྲ་བ་ལ་ཝ་ཟུར་མེད་ཀྱང་ཝ་སྒྲ་ཡོད་པས་སོ། །དེ་བཞིན་དུ་ཤྭ་བ་དང་ཤ་བ། ལྭ་བ་དང་ལ་བ་ཞེས་པ་ལྟ་བུའོ། །འོ་ན། དྲང་ངེས་རྣམ་འབྱེད་ལས།  སློབ་དཔོན་ལྭ་བ་པས་བཀྲལ་བ་ལྟར་ཞེས་གསུངས་ཕྱིར་ཞེ་ན།  དེའི་བ་ཡིག་ནི་ལེགས་སྦྱར་གྱི་སྐད་ཀྱི་མིང་གི་ཆ་ཤས་ཡིན་པས་སྐྱོན་མེད་སྙམ་མོ། །ཧྭགས་ཞེས་བྱེ་མ་ཀ་ར་ལ་འཇུག་ཅིང་འདི་དང་ནོར་བ་འགྲོ་སའི་དོན་དང་ཐ་སྙད་ཕལ་ཆེར་མེད་པ་འདྲ་ཡང་སྐད་ཀྱི་གདངས་ལ་ཝ་སྒྲ་ཐོན་པས་ཝ་ཟུར་འབྲི་དགོས་པ་དང་།  དྭོགས་པ་ཞེས་པ་ཝ་ཟུར་བྲིས་མ་བྲིས་སྣ་ཚོགས་སྣང་སྟེ།  མཚོ་ཊིག་སོགས་གཞུང་འགའ་ཞིག་ལས་དྭོགས་པ་ཞེས་པ་སྣང་ཞིང་།  གསེར་ཕྲེང་སོགས་རྗེའི་གསུང་རབ་རྣམས་སུ་དོགས་ཞེས་པ་ལས་ཝ་ཟུར་བྲིས་པ་མི་སྣང་ངོ་༑ །མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀ་བ་ལ་ཀྭ་བ་ཞེས་བྲིས་ཡོད་པས། དེ་དག་ལ་གཞིགས་ན་ཝ་ཟུར་ཡོད་པ་ལ་ཝ་སྒྲ་ཐོན་པ་དང་མི་ནོར་ཆེད་དུ་ཡིན་པའི་ངེས་པ་མེད་པར་མཚོན་ཐུབ། ཝ་ཟུར་བྲིས་པའི་ཡི་གེ་ཐམས་ཅད་ལ་དགོས་པ་དེ་གཉིས་ཡོད་པའི་ངེས་པ་མེད་དེ།  སོ་སོའི་སྐད་གདངས་ལ་གཞིགས་ཏེ་འབྲི་སྐབས་ཡུལ་སྐད་ཀྱི་དབང་གིས་ཝ་སྒྲ་ཐོན་མི་ཐོན་སྣ་ཚོགས་ཡོད་པས་འབྲི་ཚུལ་ཆ་མཉམ་འབྱུང་གི་མེད།  འདི་དག་ལ་སྐད་ཀྱི་སྒྲ་གདངས་ཀྱི་དབང་གིས་ཝ་ཟུར་འབྲི་ཚུལ་བྱུང་བ་ཡིན་པར་མངོན། རྒྱུ་མཚན་དེ་ཙམ་དུ་ངེས་པ་མ་ཡིན་ཏེ། རང་ཉིད་ཀྱིས་ཁུངས་གཏུགས་སའི་མཁས་པའི་ཕྱག་རྒྱུན་སོར་བཞག་གིས་འབྲི་བའང་འབྱུང་སྲིད་པས་སོ། །སྔོན་བྱོན་མཁས་དབང་རྣམས་ཀྱིས་འབྲི་སྲོལ་མི་མཐུན་པ་རྣམས་ལ་དགོས་པ་མེད་པར་སྨྲ་བར་མི་སྤོབས་ཤིང་མཁས་པ་སོ་སོའི་ཐུགས་རྩེ་གཏོད་ས་རེ་ཡོད་ངེས་མོད་འདི་ཡིན་འདི་མིན་གྱི་ཁ་ཚོན་གཅད་དཀའ་ཡང་།  རང་ཉིད་ཀྱི་བསམ་ཚོད་ལྟར་ན་མཁས་པ་སོ་སོའི་ཁུངས་བཅོལ་སའི་ཡུལ་སྐད་ཀྱི་གདངས་ལས་ཝ་སྒྲ་ཐོན་མ་ཐོན་སྣ་ཚོགས་ཡོད་པ་དང་།  སོ་སོའི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་སྒྱུ་རྩལ་གྱི་ཉམས་འགྱུར་སྟོན་ཚུལ་མི་འདྲ་བས་འབྲི་སྲོལ་འདི་དག་བྱུང་བར་སེམས།  མཁས་པའི་ཕྱག་རྒྱུན་སྣ་ཚོགས་ལས་འབྲི་ཚུལ་གཉིས་བྱུང་བ་ནི་འོག་ནས་འཆད་འགྱུར་གྱི་ཡི་གེ་འདི་དག་གནའ་དེང་གི་ཡིག་རིགས་གསར་རྙིང་མང་པོར་མཐོང་རྒྱུ་ཡོད། དཔེར་ན། ད་ཕྲུག་དང་དྭ་ཕྲུག   ཀ་ཡེ་དང་ཀྭ་ཡེ།  ཤྭ་འོད།  ཁ་ཤྭ། ར་ས་འཕྲུལ་སྣང་གཙུག་ལག་ཁང་ལ་རྭ་ས་ཞེས་བྲིས་པའང་ཡོད།  གཞན་ཡང་ཡིག་ཆ་གསར་རྙིང་མང་པོ་རྒྱ་ཡི་མིང་ཚིག་འགའ་ཞིག་བོད་ཡིག་ཏུ་རྒྱ་སྐད་སོར་བཞག་གིས་བྲིས་པ་མང་པོར་ཝ་ཟུར་འབྲི་ཡི་ཡོད། དེ་ནི་ཝ་སྒྲ་ཐོན་མི་ཐོན་གྱི་དབང་དུ་བྱས་པ་ཁོ་ན་ཡིན་ཏེ། དཔེར་ན། ཐུའུ་བཀྭན་ཆོས་ཀྱི་ཉི་མ།  ཀྲུང་ཧྭ། རྒྱ་ནག་ཧྭ་ཤང་སོགས་སྣ་ཚོགས་པ་སྣང་ངོ་། །སྔགས་ཡིག་འབྲི་སྟངས་ཀྱི་རྣམ་པས་ཀྱང་ཡིག་རྙིང་ལ་ལར་ན་རོའི་དོད་ཐུབ་ཏུ་ཝ་ཟུར་བྲིས་པ་ཡོད་དེ། དཔེར་ན།  འདུལ་བ་ལུང་ཕྲན་ཚེགས་ལས།  སྒལ་ཚིགས་ཀྱི་རུས་པ་བཅྭ་བརྒྱད་དང་། ཞེས་གསུངས། འཕངས་ཐང་དཀར་ཆག་ལས། ལསྭགས་པ་དང་༑  བཅྭ་ལྔ་སོགས་བྲིས་པ་དང་།  རྒྱ་ཆེན་རོལ་པའི་མདོ།  སྡེ་དགེ་སྤར་མ་ལས།  ལྟས་བཅྭ་བརྒྱད་གཡོས།  རབ་ཏུ་གཡོས་ཞེས་པ་ལྟ་བུའོ། སྔགས་ཡིག་ཀློག་འདོན་སྐབས་ཝ་ཟུར་ཕལ་ཆེར་ན་རོེའི་དོད་ཐུབ་དང་།  དེར་མ་ཟད་ཝ་སྒྲ་ཅུང་ཙམ་ཐོན་པའི་སྒོ་ནས་བཀླག་དགོས་ཏེ།  སྔགས་བཀླག་ཐབས་ལས།  ཝ་ཟུར་ཕལ་ཆེར་ན་རོ་དང་།  ཝ་སྒྲ་ཅུང་ཟད་ལྡན་པར་བཀླག །ཞེས་གསུངས་པའི་ཕྱིར་རོ།  ཡང་ལ་ལས་བཅོ་བརྒྱད་ལ་བཅྭོ་བརྒྱད་ཅེས་བྲིས་པའང་ཡོད། བཅྭོ་བརྒྱད་དང་བཅྭོ་ལྔ་ཞེས་ན་རོ་དང་ཝ་ཟུར་གཉིས་ཀ་ཡོད་པས་ན་རོའི་དོད་ཐུབ་མིན་པར་གསལ་པོ་ཡིན། དེ་ནི་ཡུལ་སྐད་ལ་ལར་བཅོ་བརྒྱད་ཅེས་པ་ངག་ནས་འདོན་པ་ན་བཅོབ་བརྒྱད་ཅེས་ཝ་སྒྲ་ཐོན་གྱི་ཡོད་པས་དེའི་དབང་དུ་བྱས་པ་ཡིན་ནམ་སྙམ་མོ། །འོ་ན་བཅུ་བརྒྱད་དང་བཅུ་ལྔ་ཞེས་མི་འབྲི་བར་བཅོ་བརྒྱད་དང་བཅོ་ལྔ་ཞེས་འབྲི་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན།  བཅུ་བརྒྱད་དང་བཅུ་ལྔ་ཞེས་བྲིས་ན་བཅུ་ཚན་བརྒྱད་དང་བཅུ་ཚན་ལྔ་ལྟ་བུར་དོན་ལ་འཁྲུལ་བ་འབྱུང་སྲིད་ཅིང་། དེར་མ་ཟད་བོད་ཀྱི་ཡིག་གཟུགས་ནི་བོད་ཀྱི་སྐད་གདངས་མཚོན་བྱེད་ཡིན་པས་བོད་སྐད་ལ་བཅོ་ལྔ་བཅོ་བརྒྱད་ཟེར་བ་མ་གཏོགས་བཅུ་ལྔ་དང་བཅུ་བརྒྱད་ཅེས་པའི་སྒྲ་མི་མངོན་པ་དང་། སྔ་མ་ལྟར་ཀློག་ན་བརྗོད་པ་བདེ་བའི་ཁྱད་པར་ཡང་ཡོད། སྤྱིར་ན་བོད་ཡིག་ནི་བོད་མིའི་བཀོལ་སྤྱོད་བྱེད་ཀྱིན་པའི་སྐད་ལ་བལྟོས་ནས་གཏན་འབེབས་གནང་བ་ཡིན་སྟབས་སྐད་གདངས་རྨང་གཞིར་བཟུང་ནས་འབྲི་ཀློག་བྱ་དགོས་པས་འབྲི་ཚུལ་འདི་ལྟར་བྱུང་བའོ།  །འོན་ཀྱང་བཅུ་གཉིས་སོགས་ལ་མི་མཚུངས་པའི་རྒྱུ་མཚན་ནི་གོ་སླའོ། །

ཝ་ཟུར་འབྲི་སྲོལ་གཏོད་མཁན་སུ་ཡིན་མིན་ཐད་ལ་དཔྱད་ན།  བོད་ཡིག་འབྲི་བའི་སྲོལ་ཐོན་མིའི་སྔོན་ནས་ཡོད་པར་འདོད་པ་དང་།  སློབ་དཔོན་ཐོན་མིས་གསར་དུ་བྱས་པར་འདོད་མཁན་གཉིས་ཡོད་ཅིང་།  ཕྱོགས་སྔ་མའི་དབང་དུ་བྱས་ན་ཝ་ཟུར་ཡང་ཐོན་མིའི་སྔོན་དུ་ཡོད་པར་འདོད་དགོས་ཏེ།   ཕྱྭ་དང་གཏོ་ལ་སོགས་པའི་ཐ་སྙད་དག་བོན་ཆོས་ཀྱི་བརྡ་ཆད་ཅིག་ཡིན་པ་དང་།  དེ་ཡང་ཆོས་རྒྱལ་རྣམས་ཀྱི་སྔོན་དུ་གངས་ཅན་ལྗོངས་སུ་བོན་ཆོས་ཤུགས་ཆེར་དར་ཁྱབ་བྱུང་ཡོད་པས་སྐབས་དེ་དག་ཏུ་བོན་གྱི་ཆོས་གཞུང་ཡང་ཡོད་པར་ངེས།  དེ་བས་ན་ཕྱྭ་དང་གཏོ་ལ་སོགས་པའི་བོན་གྱི་བརྡ་ཆད་དག་ཀྱང་མེད་པའི་རྒྱུ་མཚན་མེད་དོ།  ཕྱོགས་གཉིས་པ་ལྟར་ན།  ཝ་ཟུར་འབྲི་སྲོལ་ཐོན་མིའི་གསར་གཏོད་གནང་བར་མངོན་ཏེ། ཆོས་རྒྱལ་སྲོང་བཙན་གྱི་སྐུ་དུས་སུ་བྲིས་པའི་ཡིག་ཆ་ལ་ལར་ཝ་ཟུར་ཡོད་པ་དང་།  དེར་མ་ཟད་དུས་རབས་བརྒྱད་པ་སྟེ།  སྤྱི་ལོ་ ༨༢༡ ལོར་བོད་ཀྱི་བཙན་པོ་ཁྲི་རལ་པ་ཅན་དང་།  ཐང་རྒྱལ་རབས་ཀྱི་གོང་མ་མུའུ་ཙུང་གཉིས་ཆབ་སྲིད་གཅིག་ཏུ་མོལ་ནས་རྒྱལ་ས་ཁྲང་ཨན་དུ་མནའ་ཆིངས་གྲུབ་ནས་སྤྱི་ལོ་ ༨༢༣ ལོར་མནའ་ཆིངས་ཀྱི་རྡོ་རིང་ལ་བརྐོས་ཤིང་། ལྷ་སའི་གཙུག་ལག་ཁང་གི་མདུན་དུ་བཙུགས་པའི་རྡོ་རིང་གི་ཡི་གེར་ཝ་ཟུར་བྲིས་ཡོད།  དེ་ཡང་འདི་ལྟར།  ༼ བོད་ཀྱྀ་རྒྱལ་པོ་ཆེན་པོ་འཕྲུལ་གྱྀ་ལྷ་བཙན་དང་རྒྱའྀ་རྒྱལ་ཆེན་པོ་རྒྱ་རྗེ་ཧྭང་ཏེ་དབོན་ཞང་གཉྀས་ཆ་སྲྀད་གཅྀག་ཏུ་མོལ་ནས་མཇལ་དུམ་ཆེན་པོ་མཛད་དེ་བརྩྀགས་པ་བཅས།  ཞེས་དང་།  གཞན་ཡང་མཚོ་ཕུ་རྡོ་རིང་ནི།  དུས་རབས་བརྒྱད་པ་སྟེ།  སྤྱི་ལོ  ༨༡༥ ནས། ༨༣༦ བར་དུ་བཙུགས་པར་ལོ་རྒྱུས་ཉམས་ཞིབ་པས་གསུང་གི་ཡོད་ཅིང་། རྡོ་རིང་གི་ཡི་གེར།  ཁྭ་དང་།  ཆད་ཀ  རྩྀ་འྀས།  ཟོར་གཆད་དམ། ཟོར་གྱྀས་ནྀ་རྩྭ་གཆད་པ་ཞེས་དང་།  མྀ་བཞེས་པ་ལས་སྩོགས་པ་ཡང་༽ཞེས་དང་། ༼ཏུན་ཧོང་གཏེར་ཡིག་ལས།  ད་དོག་ལ་ཡུལ་ཡབ་ཀྱྀ་རྗེ། དོག་ཡབ་ཀྱི་ཆར་དུ་གཤེགས་སྭ། ༽ཞེས་བྲིས་འདུག་པས་སྐབས་དེ་དག་ཏུ་ཝ་ཟུར་འབྲི་སྲོལ་དར་ཡོད་པ་མཐོང་ཐུབ།  རྡོ་རིང་ཡི་གེ་འདི་དག་གོ་དཀའ་བ་དང་འཕུལ་ཡིག་སྦྱོར་ཚུལ་སོགས་ད་ལྟའི་འབྲི་ཚུལ་དང་ཡོངས་སུ་མི་མཐུན་པ་འདུག་གོ །དྭོགས་པ་ཞིག་ལ་ཏུན་ཧོང་ཡིག་རྙིང་བཙན་པོ་རྣམ་ཐར་ལས།  །དགས་ཀྱི་བསེན་མཁར་ལ།།མདུང་མོ་ཐབས་གཆིག་གིས།།འབྲོག་མོ་ཐང་གང་ཐོབ།། ཅེས་དྭགས་པོ་ཞེས་པའི་མིང་གཞི་ད་ཡིག་ལ་ཝ་ཟུར་མེད་པ་ཞིག་འདུག་པས་དཔྱད་དགོས་སོ།  དེར་མ་ཟད་མཁས་པའི་གསུང་སྒྲོས་ལ་སློབ་དཔོན་ཐོན་མིས་བརྡ་སྤྲོད་པའི་བཅོས་བརྒྱད་བརྩམས་ཀྱང་བཙན་པོ་ལྷ་སྲས་དར་མའམ་འུ་དུམ་བཙན་པོ་སྟེ་གླང་དར་མས་བོད་ཀྱི་བསྟན་པ་བསྣུབས་སྐབས་སུམ་རྟགས་གཉིས་ལས་གཞན་རྣམས་ནུབ་པ་དང་།  དེ་དག་གི་ནང་ན་བརྩེགས་འདོགས་ཀྱི་སྐོར་དང་།  ཡི་གེའི་སྦྱོར་ཀློག་གི་སྐོར།  སྔགས་ཀྱི་བཀླག་ཐབས་སོགས་ཡོད་ཅིང་།  བརྩེགས་འདོགས་ཀྱི་རྣམ་བཞག་སྐབས་སུ་ཝ་ཟུར་གྱི་སྐོར་ལ་རྒྱས་པར་བཤད་ཡོད་པར་ངེས་ཞེས་གསུངས་སྲོལ་འདུག་གོ །   འདིར་བཀོད་པའི་བཤད་ཚུལ་འདི་དག་ནི་ཁོ་བོས་ཕྱོགས་གཅིག་གི་བཤད་ཚུལ་མཐོང་བ་ཙམ་དང་། ངག་རྒྱུན་ལས་བྱུང་བའི་མཐོང་ཐོས་ཀྱི་དྲན་འཆར་འགའ་ཞིག་དཔྱད་གཞིའི་ས་བོན་དུ་བཀོད་པ་ལས་ཐག་གཅོད་ཀྱི་གྲུབ་དོན་མ་ཡིན་ནོ།བཞི་པ་ཝ་ཟུར་གྱི་ངེས་ཚིག་ནི། སྐད་གདངས་ཀྱི་ཆ་ནས་ཕལ་ཆེ་བར་ཝ་སྒྲ་ཐོན་པ་དང་། གཟུགས་ཀྱི་ཆ་ནས་ཝ་ཡིག་གི་ཟུར་རམ་ཆ་ཤས་ཙམ་བཏགས་པས་ཝ་ཟུར་རམ་ཝ་ཕྱེད་ཅེས་བརྗོད་དོ། །

        གསལ་བཤད།མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་དྲ་བའི་སྟེང་དུ་འཁོད་པའི་རྩོམ་པ་པོའི་ལྗགས་རྩོམ་བོད་ཀྱི་བརྡ་སྤྲོད་སྐོར་གྱི་ཟབ་གནད་འགའ་ཞིག་གླེང་བ་ཞེས་པ་ལས་ཝ་ཟུར་གྱི་ནང་དོན་ཚན་བཤུས་བྱས་པ་ཞིག་ཡིན།