无障碍阅读 关怀版

༄༅། །སུམ་ཅུ་པ་ལས་དགག་སྒྲ་བཤད་པ།

དུས་ཚོད། 2018-05-29 རྩོམ་པ་པོ བཀྲ་ཤིས་ཟླ་བ། རྩོམ་སྒྲིག ཉི་མ་དོན་གྲུབ།

རྩ་བར། གང་མིང་བརྗོད་པའི་ཡ་མཐའ་ན།།

སྟྲི་ལིངྒ་ཡི་སྒྲ་མེད་པ།།

དེ་ལ་སྟྲི་ལིངྒ་སྦྱར་ན།།

དགག་པའི་གནས་སུ་ཤེས་པར་བྱ།།

ཞེས་ཚིགས་བཅད་ཤོ་ལོ་ཀ་གཅིག་བྱུང་བའི་དོན་ནི། གང་ཡང་རུང་བའི་མིང་བརྗོད་པའི་ཡ་མཐའ་སྟེ་སྟྲི་སྟེ་བུད་མེད་དང་། ལིངྒ་ནི་རྟགས་ཡིན་པས། མོ་རྟགས་ཀྱི་སྒྲ་མ་ཡིག་མེད་པ་དེ་ལ་མོ་རྟགས་ཀྱི་སྒྲ་མ་ཡིག་སྦྱར་ན་དགག་པའི་སྒྲར་ཤེས་པ་བྱའོ་ཞེས་པའི་དོན་ནོ། འདིར་དགག་པའི་སྒྲ་ལ་མ་ཡིག་དངོས་སུ་བསྟན་པ་ཡིན་རུང་ཤུགས་སུ་མི་དང་། མིན། མེད་སོགས་ཡོད་པའང་ཤེས་དགོས་ཏེ། དཔེར་ན། མ་མཐོང་དང་། མི་འགག་བཟའ་ཡི་མིན། སྐྱེ་བ་མེད་ལྟ་བུའོ།

སྐབས་འདིར་རྗེ་སི་ཏུས།དེ་ལ་སྟྲི་ལིངྒ་སྒྲ་དངོས་ནི། མ་དང་མོ་གཉིས་ཁོ་ན་ཡིན་པ་ལས། མོ་ཡིག་དགག་སྒྲར་མི་འཇུག་པས་འདིར་མ་ཡིག་ཉིད་བཟུང་བར་བྱ་ཞིང་། དེ་དང་འབྲེལ་བའི་མི་ཡིག་ཀྱང་ཞར་གྱི་ཐོབ་པས་དེ་དག་དགག་སྒྲ་སྦྱོར་ཚེ་དགག་བྱའི་མིང་ཐོག་ཁོ་ནར་ངེས་པ་ཞེས་གསུང་ལ།

དཀར་ལེབས་སུམ་རྟགས་སུ། དགག་སྒྲ་དངོས་ནི་མ་རྐྱང་སྟེ།། དཔེར་ན་མ་བྱེད་མ་མཐོང་ལྟར།། ཤུགས་བསྟན་མི་དང་མིན་མེད་དེ།། ཞེས་སོགས་ཀྱང་གསུངས་སོ།།

ཡང་ཨ་ལག་ཤས། སྟོང་དང་དགདབེན་རྣམས་ཚིག་གི་མཐར་སྦྱོར་རྒྱུའི་དགག་སྒྲའོ་ཞེས་གསུངས་པ་ལ། རྗེ་སི་ཏུ་བས། ལ་ལས། བུམ་པས་དག་པ། བུམ་པས་སྟོང་པ། ལྟ་བུའང་འདིའི་དཔེར་བརྗོད་དུ་བྱས་སྣང་བ་ནི་བློ་རྩིང་པོར་གྱུར་པའི་སྐྱོན་དུ་ངེས་ཏེ་ཞེས་གསུངས་འདུག་གོ།

གོ་དོན་ནི།

མ་མི་མིན་མེད་རྣམས་མིང་གང་ཡང་རུང་བ་ཞིག་གི་ཐོག་མཐར་གསར་དུ་སྦྱར་བས་དོན་དེ་མ་ཡིན་པའམ་མེད་པའི་དོན་སྟོན་པས་དགག་སྒྲ་ཞེས་བརྗོད་དོ།

དོན་སྦྱོར་ནི།

བྱ་བ་འགོག་པ། བྱ་བ་བྱས་ཟིན་པ་དང་། བྱེད་བཞིན་པ། བྱ་རྒྱུ་བཅས་འགོག་པ་དཔེར་ན། མ་བཏབ་དང་། མ་གཏོང་། མ་བྱེད། མི་འཐུང་། བྱས་མེད། འགྲོ་ཡི་མིན་ལྟ་བུ། དེ་དག་ལས་མ་ཡིག་འདས་པ་དང་སྐུལ་ཚིག་གཉིས་ལ་འཇུག་པ་ཤས་ཆེ་བ་དང་། མི་ཡིག་ད་ལྟ་བར་འཇུག་པ། མིན་ནི་འདས་དང་མ་འོངས་པ་གཉིས་ལ་འཇུག་པ། མེད་ནི་དུས་གསུམ་ག་ལ་འཇུག་པའོ།

ཁྱད་ཆོས་འགོག་པ།

དེ་ནི་ཁྱད་གཞི་གང་རུང་ཞིག་གི་རང་བཞིན་ནམ་རྣམ་པ། ཚུལ་དང་ཚད་སོགས་འགོག་པ་ཞིག་ཡིན་ཏེ། དཔེར་ན། མ་དམའ། མི་ལེགས་པ། ཡག་པོ་མེད་དང་། བཟང་པོ་མིན་ལྟ་བུའོ།

འགོག་པའི་འགོག་པ།

དེ་ནི་མེད་པ་ལས་ལོག་པར་ཡོད་པ་བྱེད་པའམ། མིན་པ་ལས་ལོག་པར་ཡིན་པ་བྱེད་པ་ཞིག་ཡིན་ཏེ།

དཔེར་ན། མི་བཤད་པ་མེད་དང་། མ་བྱས་པ་མིན། མེད་པ་མ་རེད། བདེན་པ་མེད་པ་མིན་ལྟ་བུའོ།

མ་ཡིག་བར་གསལ་ལ་འཇུག་པ།

དེ་ནི་ཟླ་བོར་གྱུར་པའི་ཆོས་གཉིས་ཀྱི་ཕྱེད་ཕྱེད་བཀག་ནས་ཆ་གཉིས་ལྡན་པའི་ཆོས་གཅིག་གི་ངོ་བོ་ཙམ་སྟོན་པས་གཉིས་ཕྱེད་འགོག་པའང་ཟེར། དཔེར་ན། ར་མ་ལུག རྒྱ་མ་བོད། ས་མ་འབྲོག གངས་མ་ཆར། ཡ་མ་ཟུང་ལྟ་བུའོ། གཞན་ཡང་། མ་ཕྱི་དང་། མ་རྩ། མ་བྱན། མི་རྟག་པ། མི་རིགས། མི་དམངས་ལྟ་བུའི་མ་མི་གཉིས་ནི་དགག་སྒྲ་མ་ཡིན་པ་དང་། ཆང་མ་རེད་དང་། རྗེས་མ་གསལ། མཛེས་མ་ལགས། ངའི་མ་རེད། ནང་ལ་མི་འདུག་ལྟ་བུའང་སྒྲའི་གཅོད་མཚམས་དབང་གིས་མིང་དང་དགག་སྒྲ་གཉིས་སུ་གོ་རྒྱུ་ཡོད་པ་ཤེས་དགོས་པ་ཡིན་ནོ།

བརྡ་སྤྲོད་བློ་གསར་འཇུག་སྒོཞེས་པ་ལས་བཏུས།