无障碍阅读 关怀版

༄༅། །བོད་ཡིག་གི་རྨང་གཞིའི་ཤེས་བྱའི་དྲི་བ་ལྔ།

དུས་ཚོད། 2018-05-30 རྩོམ་པ་པོ འཕྲིན་ལས་དཔལ་འབྱོར། རྩོམ་སྒྲིག ཉི་མ་དོན་གྲུབ།

དབྱངས་གསལ་གཉིས་ཀྱི་མཚན་ཉིད་གང་ཡིན་ནམ།

ལན་དུ། ང་རོའི་རྣམ་པ་ཅན་གྱི་ཆ་ཤས་བཞག་པའི་ཡི་གེ་དེ་དབྱངས་ཡིག་གི་དོན་དང་། དེ་ལ་དབྱངས་ཡིག ཨྰ་ལི། ཨ་ཕྲེང་གསུམ་དོན་གཅིག་མིང་གི་རྣམ་གྲངས་སོ། གཉིས་པ་རང་གྲོགས་དབྱངས་དང་སྦྱར་བ་ལས་རང་གི་བརྗོད་དོན་གསལ་བར་བྱེད་པའི་ཆ་ནས་བཞག་པའི་ཡི་གེ་དེ་གསལ་བྱེད་ཀྱི་མཚན་ཉིད་དོ། གསལ་བྱེད། ཀྰ་ལི། ཀ་ཕྲེང་ཀ་མད་རྣམས་དོན་གཅིག་གོ།

སྦྱར་བྱ་ཡི་གེའི་རྣམ་གཞག་བཤད་པ་ཞེས་པའི་སྦྱར་བྱའི་ཡི་གེ་དེ་ལ་ག་ཚོད་ཡོད་དམ།

ལན་དུ། སྦྱར་གཞི་ཀ་མད་སུམ་ཅུ་ལ་སྦྱར་བྱ་དབྱངས་བཞི། སྔོན་འཇུག་ལྔ། རྗེས་འཇུག་བཅུ། ཡང་འཇུག་གཉིས། མགོ་ཅན་གསུམ། འདོགས་ཅན་བཞི་བཅས་སོ།

བོད་ཀྱི་ཡི་གེའི་ངོ་བོ་གང་ཡིན། དེ་ལ་དབྱེ་བ་གང་དང་གང་ཡོད་དམ།

ལན་དུ། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་དེ་ཡི་གེའི་ངོ་བོ་ཡིན། སྤྱིར་བོད་ཀྱི་ཡི་གེ་དེ་ལ་དབྱངས་གསལ་གཉིས་སུ་ངེས་སོ། བྱེ་བྲག་སྲོག་རྐྱེན་བཅུ་གསུམ་གསུང་ཡོད།

  ཚིག་ཕྲད་ཅེས་པའི་གོ་དོན་དང་དེས་ནུས་པ་གང་ཐོན་གྱི་ཡོད་དམ།

ལན་དུ། ཚིག་གཞན་དང་ཕྲད་ན་དོན་སྟོན་པ་དང་། ཚིག་གཞན་དང་མ་ཕྲད་ན་དོན་མི་སྟོན་པས་ན་ཚིག་ཕྲད་ཅེས་བྱའོ། དེ་ནི་མིང་ཚིག་ཕན་ཚུན་སྦྱོར་བ་ལ་ཁབ་སྐུད་ལྟ་བུའི་ནུས་པ་ཐོན་གྱི་ཡོད། དཔེར་ན། ཤར་འགྲོ་ལྟ་བུ་ལ་བར་དུ་ལ་ཡིག་སྦྱར་བས་ཤར་ལ་འགྲོ་ཞེས་ལས་གསལ་བྱེད་ཀྱི་སྒྲས་རྣམ་པར་དབྱེ་བ་འབྱེད་པས་སོ།

རྣམ་དབྱེའི་ཞེས་པའི་གོ་དོན་དང་། དེ་ལ་ནང་གསེས་དབྱེ་བ་ག་ཚོད་ཡོད་དམ།

ངག་གཞན་རྣམ་དབྱེ་བརྒྱད་པོ་གང་རུང་གི་གནས་སྟོན་བྱེད་དུ་རྣམ་པར་དབྱེ་བའི་སྒྲ་དེ་རྣམ་དབྱེའི་དོན་དང་། སྒྲ་བཤད་ནི། ཆོས་གཉིས་ཀྱི་རྣམ་པ་མ་འདྲེས་པར་བྱས་པས་རྣམ་དབྱེ་ཟེར། དེ་ལ་ནང་གསེས་ཀྱི་དབྱེ་བ། ངོ་བོ་བྱ་བྱེད་དགོས་པ་དང་།། འབྱུང་ཁུངས་འབྲེལ་གནས་འབོད་སྒྲ་བརྒྱད།། ཅེས་གསུང་པ་ལྟར་དབྱེ་བ་བརྒྱད་ཡོད་དོ།།

འདིའི་སྐབས་སུ་རྒན་ལམ་རིམ་པས། སྤྱིར་རྣམ་དབྱེའི་ཞེས་པའི་ངེས་ཚིག་ནི་ཚིག་དོན་གྱི་ཆ་མ་འདྲེས་པར་རྣམ་པར་དབྱེ་བ་སྟེ་འབྱེད་པ་ལ་བཤད་དོ། ཞེས་གསུངས་ལ། དཔེར་ན། གཉིས་པ་ལས་སུ་བྱ་བར་ཆ་མཚོན་ན། ལས་གང་ཞིག་གཞི་གང་ལ་བྱ་བའི་ཡུལ་གཙོ་བོར་སྟོན་པས་ན་ལས་སུ་བྱ་བ་སྟེ། དཔེར་ན་ཕྱོགས་སུ་འགྲོ་ཞེས་པ་ལྟ་བུའི་ཕྱོགས་ཉིད་འགྲོ་བའི་ཡུལ་དུ་གོ་བ་ནི་སུ་ཞེས་པའི་ནུས་པས་ཏེ། དེ་མ་སྦྱར་བར་ཕྱོགས་འགྲོ་ཞེས་བྱས་ན་ཕྱོགས་ཉིད་འགྲོ་པ་པོར་གོ་ཡིས་འགྲོ་སའི་ཡུལ་དུ་མི་གོ་བའི་ཕྱིར་རོ། འདི་ལ་བརྟེན་ནས་རྣམ་དབྱེ་སྦྱར་བའི་དགོས་པ་ཇི་ལྟར་ཡིན་པ་ཡང་ངེས་པར་ཤེས་དགོས་པའི་གནད་དུ་གསུངས་སོ།

བརྡ་སྤྲོད་དཔྱིད་ཀྱི་གྲུ་ཆརཞེས་པ་ལས་བཏུས།