无障碍阅读 关怀版

༄༅། ། ཚིག་ཕྲད་ཞིང་སོགས་བཤད་པ།

དུས་ཚོད། 2018-07-09 རྩོམ་པ་པོ རྩོམ་སྒྲིག ཉི་མ་དོན་གྲུབ།

དྲི་བ།    ཚིག་ཕྲད་ཞིང་སོགས་ཀྱི་སྡོམ་ཚིག

ཚིག་ཕྲད་ཞིང་སོགས་ང་ན་མ།། འ་དང་ར་ལ་མཐའ་མེད་མཐར།། ཞིང་ཞེས་ཞེའོ་ཞེ་ན་ཞིག ག་ད་བ་དང་ད་དྲག་མཐར།། ཅིང་ཅེས་ཅེའོ་ཅེ་ན་ཅིག ས་མཐར་དམིགས་བསལ་ཞེས་མ་གཏོགས།། ཤིང་ཤིག་ཤེའོ་ཤེ་ན་འཐོབ།།

དྲི་བ།    ཅིང་ཞིང་ཤིང་གི་འཇུག་ཚུལ།

ཆོས་སྔ་ཕྱི་མཚམས་སྦྱོར་བ་དང་བྱ་བ་སྔ་ཕྱི་མཚམས་སྦྱོར་ལ་འཇུག་པ་ཡིན།དཔེར་ན།ཡང་ཞིང་གཡོ་བ།   སྲ་ཞིང་འཐས་པ།འབྲི་ཞིང་འཆད་པ།   བྲོ་འཁྲབ་ཅིང་གླུ་ལེན།

དྲི་བ།    ཅེས་ཞེས་འཇུག་ཚུལ།

ཅེས་ཞེས་ནི་ཟེར་གྱི་དོན་དང་སྐབས་འགར་འདྲ་ཡང་ཁྱད་པར་མེད་པ་མིན་ཏེ། ཅེས་ཞེས་ནི་ལུང་འདྲེན་པའི་ཚིག་ལ་འཇུག་པའམ།གོང་དུ་བརྗོད་མ་ཐག་པའི་ཚིག་དེ་ངོ་སྤྲོད་བྱེད་པའི་ཕྲད་ཡིན།

དཔེར་ན།   མཆོག་ཅེས་གྲགས།    སོང་ཞེས་གྲགས།   བོད་ཅེས་བཏགས།    ཡིན་ཞེས་གྲགས།

དྲི་བ།    ཅེའོ་ཞེའོ་ཤེའོ་གསུམ་འཇུག་ཚུལ།

ཕྲད་འདི་གསུམ་མིང་ཚིག་གི་མཐར་སྦྱར་ཚེ་འདི་ཞེས་ཟེར་རོ། འདི་ཞེས་བྱའོ་ཞེས་པའི་དོན་དང་ཕལ་ཆེར་འདྲ།    དཔེར་ན།

དེ་ལྟར་རེད་ཅེའོ།།       དེ་ཡིན་ཞེའོ།།      དེ་ལྟར་བྱས་ཤེའོ།།

དྲི་བ།    ཅེ་ན་ཞེ་ན་ཤེ་ནའི་འཇུག་ཚུལ

          གང་སུ་ཅི་ཇི་སོགས་ཀྱི་ཟླ་ལ་སྦྱར་ནས་དྲི་བ་སྟོན་པ་དང༌།ལན་འདེབས་པའི་ཚིག་འདྲེན་པའི་ཕྲད་ཡིན།      དཔེར་ན།    སུས་ཤེས་ཤེ་ན་ངས་ཤེས།      ཅི་ཡིན་ཞེ་ན་དེ་ཡིན།

དྲི་བ།    ཅིག་ཞིག་ཤིག་གསུམ་འཇུག་ཚུལ།

ཅིག་ཞིག་ཤིག་གསུམ་ནི་གཞན་ལ་བྱ་བ་ཞིག་བྱེད་པར་བསྐུལ་བའི་སྐུལ་ཚིག་དང༌། གཞན་གྱི་བྱ་བ་འགོག་པའི་འདོམས་ཚིག་དང༌།རང་གི་རེ་འདུན་སྟོན་པའི་སྨོན་ཚིག་སོགས་ཀྱི་མཐར་སྦྱར་ནས།ནན་ཏན་གྱི་ཚིག་ཟུར་རམ། དམ་བཅའ་བའི་ཚིག་ཟུར་འདོན་པའི་སྒྲ་ཡིན།

1 སྐུལ་ཚིག་ལ་འཇུག་པ།       སོང་ཞིག             སྡོད་ཅིག       སྒྲུབས་ཅིག    

2འདོམས་ཚིག་ལ་སྦྱར་བ།     དེ་ལྟར་མ་བྱེད་ཅིག      མ་བརྗེད་ཅིག     སེམས་ཀྱིས་མ་འདོར་ཞིག   

3སྨོན་ཚིག་ལ་འཇུག་པ།       བསམ་དོན་འགྲུབ་པར་གྱུར་ཅིག        དགྲ་ལས་རྒྱལ་ཞིག

4གང་ཡང་རུང་བའི་དངོས་པོ་ཞིག་གི་དོན་དང་ཕྱོགས་འདྲ་བར་འཇུག་པ།       དཔེར་ན།   གྲོང་ཁྱེར་ཞིག་ལ་འབྱོར།   སློབ་གྲོགས་ཤིག་དང་འཕྲད།     ལེགས་བཤད་ཅིག་སྐྱོར།

དྲི་བ།     ས་མཐར་དམིགས་བསལ་ཞེས་མ་གཏོགས་ཟེར་བའི་དོན་ཅི་ཡིན།ས་མཐར་དམིགས་བསལ་ཞེས་སྦྱོར་བའི་རྒྱུ་མཚན་ཅི་ཡིན།

ལན།ས་མཐར་ཤེས་སྦྱར་ན་མི་བདེ་བས་དམིཊ་བསལ་གྱིས་ཞེས་ཐོབ་པ་དང༌།   ཡང་རྗེས་འཇུག་ས་མཐའ་ཅན་ལ་ཤེས་སྦྱར་ན་ཤེས་རྟོགས་ཀྱི་དོན་དང་ནོར་ཉེན་ཆེ་བས་དམིགས་བསལ་གྱིས་ཞེས་སྦྱར་བ་ཡིན།

ཐུ་བྷོད་དྲི་བ་ཀུན་འདུས་དྲ་བ་ནས་བཤུས།