无障碍阅读 关怀版

༄༅། ། བོད་ཀྱི་གཏམ་དཔེ་རྣ་བའི་བུ་རམ་བཞུགས་སོ།

དུས་ཚོད། 2019-04-04 རྩོམ་པ་པོ རྩོམ་སྒྲིག ཉི་མ་དོན་གྲུབ།

སྲབ་ཐག་ཤོར་བའི་རྟ་རྒན།།

ལང་དུ་ཤོར་བའི་འཆལ་མོ།།

སྲམ་གྱིས་འུག་པ་གསོ་དགོས།།

ཚེ་སྔོན་ལས་ཀྱི་བསྐོ་བཞག།

སྲས་ཆུང་ཆུང་དགྲ་ལྷ་རྩེ་རྒྱལ་དེ།།

ཐུགས་ཆུང་ཆུང་ཨ་བྲའི་རིལ་མ་འདྲ།།

སྲན་མ་གླགས་མ་ཁེལ་བར།།

ནས་རྐྱང་ལ་ཐུབ་ཚོད།།

གསེར་གྱི་ཚིགས་ཁོག་གྱོན་རྒྱུ་བྱུང་ན།།

མཛུབ་མོའི་སྟེང་ལ་ཟུག་ཀྱང་ཟུག།

གསེར་ཞོ་གང་གིས་རང་ཚོད་ཟིན།།

ལྟོས་གྲོད་པ་བརྒྱགས་ན་ཟ་ཚོད་ཟིན།།

གསེར་འདོན་སྐབས་བྱེ་མ་མི་འདྲེས་དང་།།

གཡག་གསོད་སྐབས་ཁྲག་ཐིགས་མི་རྒྱག་མེད།།

ལྷ་རི་ཁྲ་བོ་ལ་མེ་རྒྱག་པ་སླ།།

མེ་སྟག་མཛུབ་མོས་དཀྲུག་པ་དཀའ།།

ལྷ་ཡུལ་ལམ་ཡོད་ལ་མ་ཕྱིན་པར།།

དམྱལ་བ་སྒོ་མེད་ནང་འཛུལ་བ།།

ལྷ་ལས་རིགས་རུས་མཐོ་ཡང་།།

ཡོན་ཏན་མེད་ན་མགྲིན་བཟང་རེད།།

ས་སྐྱ་གོང་མ་ལྔ་ནི་སློབ་དཔོན་དངོས།།

དེང་དུས་ས་པཎ་ཁྱོད་ལ་ང་མི་འཇིགས།།

ས་འོག་འབུ་ལ་འབུ་རོགས་ཡོད།།

ནམ་མཁའི་བྱ་ལ་བྱ་རོགས་ཡོད།།

ཤིང་ཀྱང་ཀྱོག་ལ་འཛེགས་སླ།།

མི་དབུལ་ཕོངས་ལ་ཤོད་སླ།།

ཤིང་རྒས་ན་རྩ་བ་མང་།།

མི་རྒས་ན་སྐད་ཆ་མང་།།

ཤིང་རྐང་གཅིག་གིས་ཇ་མི་འཁོལ།།

མི་ཧྲེང་གཅིག་གིས་ཐབ་མི་འཛིན།།

ལེགས་བཤད་བྱིས་པའི་ཁ་ལ་ཡང་ཡོད།།

ཉེས་བཤད་བླ་མས་གསུངས་ཀྱང་སྲིད།།

ལོ་མང་སོང་བའི་རྒས་པོའི་ཁ་ལ་ཉོན།།

སྐྱིད་སྡུག་མང་པོ་མྱངས་པའི་མི་རྒན་རེད།།

བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགསཞེས་པ་ལས་བཏུས།