བོད་རང་སྐྱོང་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་སྒྲིག་ཡིག
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། མཐུན་ཚོགས་འདིའི་མིང་ལ་བོད་རང་སྐྱོང་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཟེར་་ཞིང་། བསྡུས་མིང་ལ་བོད་ལྗོངས་ལོ་ཙཱ་མཐུན་ཚོགས་ཟེར།
དོན་ཚན་གཉིས་པ། མཐུན་ཚོགས་འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་འཐབ་ཕྱོགས་ཁག་གི་ལོ་ཙཱ་བའི་མཐུན་ཚོགས་དང་། ཡིག་སྒྱུར་ལས་དོན་དང་འབྲེལ་བ་ཡོད་པའི་ཚན་པ།དེ་བཞིན་མི་སྒེར་རང་མོས་ཐོག་ཞུགས་པ་བཅས་ལས་གྲུབ་པའི་ལས་རིགས་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཤིག་དང་། ཀྲུང་གོ་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་ཁོངས་ཚན་པ་ཞིག་ཡིན།
དོན་ཚན་གསུམ་པ། མཐུན་ཚོགས་ཀྱི་དམིགས་ཡུལ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་བ་དང་། མར་ལེ་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་གཞི་རྩའི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་མཐའ་འཁྱོངས་དང་“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་ཡིག་སྒྱུར་ལས་དོན་པར་མཐུན་སྒྲིལ་དང་སྒྲིག་འཛུགས་བྱས་ནས་ཡིག་སྒྱུར་ཞིབ་འཇུག་དང་རིག་གཞུང་སྤེལ་རེས་བྱེད་པ་དང་། ཡིག་སྒྱུར་ཤེས་ལྡན་པ་གསོ་སྐྱོང་དང་ཡིག་སྒྱུར་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ལས་སྒོར་མཛུབ་ཁྲིད་བྱེད་པ། ཡིག་སྒྱུར་ལས་དོན་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། བོད་རང་སྐྱོང་ལྗོངས་ཁྱོན་ཡོངས་ནས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ཞབས་འདེགས་ཞུ་རྒྱུ་ཡིན། མཐུན་ཚོགས་འདིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ལ་སྲུང་བརྩི་ཞུ་བ་དང་། སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་ལས་རིགས་ཀྱི་ཀུན་སྤྱོད་ལ་སྲུང་བརྩི་ཞུ་རྒྱུ།
དོན་ཚན་བཞི་པ། མཐུན་ཚོགས་འདིས་རང་གི་དོ་དམ་ཚན་པ་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་དོན་ཁང་(རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུད)དང་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་སྤྱི་ཚོགས་རྩ་འཛུགས་དོ་དམ་ཅུད་གཉིས་ཀྱི་ལས་སྒོའི་མཛུབ་ཁྲིད་དང་ལྟ་སྐུལ་དོ་དམ་དང་ལེན་ཞུ་རྒྱུ།
དོན་ཚན་ལྔ་པ། མཐུན་ཚོགས་འདིའི་གཞུང་དོན་སྒྲུབ་ས་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མི་རིགས་བྱང་ལམ་སྒོ་རྟགས་7པར(རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུད)ཡིན།
ལེའུ་གཉིས་པ། ལས་སྒོའི་ཁྱབ་ཁོངས་སྐོར།
དོན་ཚན་དྲུག་པ། མཐུན་ཚོགས་འདིའི་ལས་སྒོའི་ཁྱབ་ཁོངས་ནི།
(གཅིག)ལྗོངས་ཡོངས་ཀྱི་ཡིག་སྒྱུར་ལས་དོན་པར་མཐུན་སྒྲིལ་བྱས་ཐོག ཡིག་སྒྱུར་ལས་རིགས་དབར་འབྲེལ་བ་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཡིག་སྒྱུར་བྱ་གཞག་དར་རྒྱས་དང་གོང་འཕེལ་གཏོང་བ་དང་།
(གཉིས)མཐུན་ཚོགས་འདིའི་ཚོགས་མི་སྒྲིག་འཛུགས་བྱས་ནས་ལྗོངས་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་ཡིག་སྒྱུར་གྱི་རིག་གཞུང་སྤེལ་རེས་ཀྱི་བྱེད་སྒོར་ཞུགས་པ།
(གསུམ)སྲིད་གཞུང་གི་སྡེ་ཚན་དང་། ཁེ་ལས་དང་བྱ་གཞག་ཚན་པ། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་མངག་བཅོལ་བྱས་པའི་ཡིག་སྒྱུར་ལས་སྒོ་གཉེར་འགན་འཁུར་བ་དང་། ཡིག་སྒྱུར་དང་འབྲེལ་བ་ཡོད་པའི་ཞབས་ཞུ་དང་། བློ་འདྲི། གསོ་སྦྱོང་སོགས་ཀྱི་ལས་དོན་སྤེལ་ཏེ་ཡིག་སྒྱུར་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་བ།
(བཞི)ཡིག་སྒྱུར་རིགས་གཅིག་མཁས་པའི་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་ནས་རང་ལྗོངས་ཀྱི་ཕུལ་བྱུང་ཡིག་སྒྱུར་བརྩམས་ཆོས་དཔྱད་འདེམས་དང་དེར་བྱ་དགའ་སྤྲོད་པ།
(ལྔ)མཐུན་ཚོགས་འདིས་ནུས་ཤུགས་གཅིག་སྒྲིལ་བྱས་ཏེ་ཚོགས་ཁོངས་ཚན་པ་དང་ལས་འཛིན་པ་སྒྲིག་འཛུགས་ཀྱིས་ཤུགས་རྐྱེན་ཆེ་བའི་བརྩམས་ཆོས་ཡིག་སྒྱུར་བྱེད་པ།
(དྲུག)ལས་རིགས་ཀྱི་བརྟག་དཔྱད་ཞིབ་འཇུག་བྱས་ནས་ལས་རིགས་རང་གཅུན་ལ་ཤུགས་སྣོན་རྒྱག་པ་དང་ལས་རིགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ།
(བདུན)ལོ་ཙཱ་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་བཅས་སོ།
ལེའུ་གསུམ་པ། ཚོགས་མིའི་སྐོར།
དོན་ཚན་བདུན་པ། མཐུན་ཚོགས་འདིའི་ཚོགས་མི་དེ་ཚོགས་ཁོངས་ཚན་པ་དང་མི་སྒེར་གྱི་ཚོགས་མིར་དབྱེ་བ་སྟེ།
(གཅིག)ཚོགས་ཁོངས་ཚན་པ་ཞེས་པ་ནི་རང་སྐྱོང་ལྗོངས་ས་གནས་དང་གྲོང་ཁྱེར་ཁག་གི་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཡན་ལག་མཐུན་ཚོགས་དང་། ཡིག་སྒྱུར་དང་འབྲེལ་བ་ཡོད་པའི་ལས་སྒོའམ་ཡང་ན་ཡིག་སྒྱུར་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པ། ཁྲིམས་ལྟར་བཙུགས་པའི་ལས་ཁུངས་དང་བྱ་གཞག་ཚན་པ་བཅས་ཡིན་པ་དང་།
(གཉིས)ཚོགས་མི་ནི་ཡིག་སྒྱུར་ཆེད་ལས་ལས་དོན་ནམ་ཡང་ན་ཡིག་སྒྱུར་དང་འབྲེལ་བ་ཡོད་པའི་ལས་སྒོའི་ལས་དོན་སྒྲུབ་པ་མ་ཟད། གྲུབ་འབྲས་ངེས་ཅན་ཐོབ་མཁན་མི་སྒེར་དང་། དེ་བཞིན་ཡིག་སྒྱུར་བྱ་གཞག་ལ་རྒྱབ་སྐྱོར་དང་དོ་ཁུར་བྱེད་པ་མ་ཟད་ལེགས་སྐྱེས་ངེས་ཅན་འབུལ་མཁན་མི་སྒེར་ལ་ཟེར།
དོན་ཚན་བརྒྱད་པ། མཐུན་ཚོགས་འདིའི་ནང་ཞུགས་རྒྱུའི་རེ་འདུན་ཞུ་བར་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་ཚང་དགོས་པ་སྟེ།
(གཅིག)མཐུན་ཚོགས་འདིའི་སྒྲིག་ཡིག་ལ་བརྩི་བཀུར་ཞུ་བ་དང་།
(གཉིས)རང་རྟོགས་ངང་མཐུན་ཚོགས་འདིའི་ནང་ཞུགས་པ།
(གསུམ)ཡིག་སྒྱུར་ཞབས་ཞུའི་བྱ་གཞག་གཉེར་བའམ་དེར་དོ་ཁུར་དང་རྒྱབ་སྐྱོར་བྱེད་པ།
(བཞི)ལོ་ཙཱའི་ཁྱབ་ཁོངས་སུ་ཤུགས་རྐྱེན་ངེས་ཅན་ཞིག་ཡོད་པ་བཅས་སོ།
དོན་ཚན་དགུ་པ། མཐུན་ཚོགས་ནང་ཞུགས་པའི་གོ་རིམ་ནི།
(གཅིག)མཐུན་ཚོགས་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་འབུལ་དགོས་པ་དང་།
(གཉིས)རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱིས་ཞིབ་འཇུག་དང་གྲོས་བསྡུར་བྱེད་པ།
(གསུམ)ལས་འཛིན་ལྷན་ཚོགས་ཀྱིས་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱེད་པ།
(བཞི)ལས་འཛིན་ལྷན་ཚོགས་སམ་ཡང་ན་དེས་དབང་བསྐུར་བའི་དོན་གཅོད་ལས་ཁུངས་ཀྱིས་ཚོགས་མིའི་ལག་ཁྱེར་སྤྲོད་པ་བཅས་སོ།
དོན་ཚན་བཅུ་པ། ཚོགས་མིར་གཤམ་གསལ་གྱི་དབང་ཆ་སྤྱོད་རྒྱུ་ཡོད་པ་སྟེ།
(གཅིག)མཐུན་ཚོགས་འདིའི་ནང་འདེམས་བསྐོ་བྱེད་དབང་དང་། གདམ་བྱའི་དབང་ཆ། བརྡས་ཐག་གཅོད་དབང་བཅས་ཡོད་པ་དང་།
(གཉིས)མཐུན་ཚོགས་འདིས་སྒྲིག་འཛུགས་བྱས་པའི་འབྲེལ་ཡོད་བྱེད་སྒོར་ཞུགས་ཆོག་པ།
(གསུམ)མཐུན་ཚོགས་འདིའི་ཞབས་ཞུ་སྔོན་ལ་ཐོབ་དབང་ཡོད་པ།
(བཞི)མཐུན་ཚོགས་འདིའི་ལས་དོན་ཤེས་རྟོགས་བྱེད་དབང་དང་། དེར་གྲོས་འགོ་འདོན་དབང་དང་ལྟ་སྐུལ་བྱེད་དབང་ཡོད་པ།
(ལྔ)མཐུན་ཚོགས་ནང་རང་མོས་ངང་ཞུགས་ཆོག་ལ་མཐུན་ཚོགས་ནས་དོན་པའི་རང་དབང་ཡང་ཡོད་པ་བཅས་སོ།
དོན་ཚན་བཅུ་གཅིག་པ། ཚོགས་མིས་གཤམ་གསལ་གྱི་འོས་འགན་བསྒྲུབ་དགོས་པ་སྟེ།
(གཅིག)མཐུན་ཚོགས་འདིའི་སྒྲིག་ཡིག་ལ་བརྩི་སྲུང་ཞུ་དགོས་པ་དང་།
(གཉིས)མཐུན་ཚོགས་འདིའི་གྲོས་ཆོད་ལག་བསྟར་བྱེད་དགོས་པ།
(གསུམ)མཐུན་ཚོགས་འདིའི་ཁྲིམས་མཐུན་ཁེ་དབང་དང་སྤྱི་ཚོགས་ཀྱི་མཚན་སྙན་སྲུང་སྐྱོང་བྱེད་དགོས་པ།
(བཞི)མཐུན་ཚོགས་འདིས་མངག་བཅོལ་བྱས་པའི་ལས་དོན་བསྒྲུབ་དགོས་པ།
(ལྔ)མཐུན་ཚོགས་འདིར་གནས་ཚུལ་ཞུ་བ་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་མཁོ་འདོན་བྱེད་དགོས་པ།
(དྲུག)ལས་རིགས་ཀྱི་ཀུན་སྤྱོད་དང་ལས་རིགས་ཀྱི་ཚད་གཞིར་བརྩི་སྲུང་ཞུ་དགོས་པ་བཅས་སོ།
དོན་ཚན་བཅུ་གཉིས་པ། ཚོགས་མི་མཐུན་ཚོགས་ནས་དོན་སྐབས་མཐུན་ཚོགས་ལ་ཡིག་ཐོག་ནས་བརྡ་ཐོ་གཏོང་དགོས་པ་མ་ཟད། ཚོགས་མིའི་ལག་ཁྱེར་ཕྱིར་སློག་བྱེད་དགོས།
དོན་ཚན་བཅུ་གསུམ་པ། གལ་སྲིད་ཚོགས་མིར་སྒྲིག་ཡིག་འདི་ལས་འགལ་བའི་ཚབས་ཆེའི་བྱེད་སྤྱོད་ཡོད་རིགས་ལས་འཛིན་ལྷན་ཚོགས་སམ་ཡང་ན་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱིས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་རྗེས་ཐ་ཚིག་སྒྲོག་པའམ་ཡང་ན་མིང་ཐོ་ནས་འབུད་རྒྱུ།
ལེའུ་བཞི་པ། རྩ་འཛུགས་ཀྱི་སྒྲིག་གཞི་དང་འགན་འཁུར་བ་བདམས་ཐོན་དང་གནས་དབྱུང་གཏོང་ཕྱོགས་སྐོར།
དོན་ཚན་བཅུ་བཞི་པ། མཐུན་ཚོགས་འདིའི་དབང་ཆ་ཆེ་ཤོས་ཀྱི་སྒྲིག་གཞི་ནི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཡིན། ཚོགས་མིའི་འཐུས་མི་ཚོགས་ཆེན་ནི་ཚོགས་ཁོངས་ཚན་པ་དང་ཚོགས་མིས་འོས་འདེམས་བྱས་པའི་འཐུས་མི་ལས་གྲུབ་པ་ཞིག་ཡིན། ཚོགས་མིའི་འཐུས་མི་ཚོགས་ཆེན་གྱིས་གཤམ་གསལ་འགན་དབང་བསྒྲུབ་དགོས་པ་སྟེ།
(གཅིག)མཐུན་ཚོགས་འདིའི་སྒྲིག་ཡིག་བཟོ་བའམ་དེར་བཟོ་བཅོས་རྒྱག་པ་དང་།
(གཉིས)ལས་འཛིན་པ་འདེམས་བསྐོ་དང་གནས་དབྱུང་གཏོང་བ།
(གསུམ)ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་སྒྲོན་དང་ནོར་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱེད་པ།
(བཞི)མཐུན་ཚོགས་འདིའི་མཚམས་འཇོག་དོན་ཚན་གཏན་འབེབས་བྱེད་པ།
(ལྔ)མཐུན་ཚོགས་འདིའི་དོན་གནད་གལ་ཆེན་གཞན་དག་ལ་གྲོས་ཞིབ་དང་གཏན་འབེབས་བྱེད་པ་བཅས་སོ།
དོན་ཚན་བཅོ་ལྔ་པ། ཚོགས་མིའི་འཐུས་མི་ཚོགས་ཆེན་དེ་ཚོགས་མིའི་འཐུས་མི་གསུམ་ཆ་གཉིས་ཡན་ཞུགས་ཡོད་ཚེ་གཞི་ནས་སྐོང་འཚོགས་བྱས་ཆོག་པ་དང་། དེའི་གྲོས་ཆོད་ལ་ཚོགས་ཞུགས་ཚོགས་མིའི་འཐུས་མི་ཕྱེད་ཀ་ཡན་གྱིས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་རྗེས་གཞི་ནས་ནུས་པ་ཐོན་རྒྱུ།
དོན་ཚན་བཅུ་དྲུག་པ། ཚོགས་མིའི་འཐུས་མི་ཚོགས་ཆེན་སྐབས་རེར་ལོ་ལྔ་ཡིན། དམིགས་བསལ་གནས་ཚུལ་གྱིས་རྐྱེན་པས་སྐབས་བརྗེ་སྔོན་ལ་བྱེད་པའམ་ཡང་ན་ཕྱིར་འགྱངས་བྱེད་དགོས་ཚེ་ངེས་པར་དུ་ལས་འཛིན་ལྷན་ཚོགས་ཀྱིས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་རྗེས་དོ་དམ་ཚན་པར་ཞིབ་བཤེར་བྱ་རྒྱུར་འབུལ་དགོས་པ་མ་ཟད། སྤྱི་ཚོགས་རྩ་འཛུགས་ཐོ་འགོད་དོ་དམ་ལས་ཁུངས་ཀྱི་ཆོག་མཆན་དང་མོས་མཐུན་ཐོབ་དགོས། སྐབས་བརྗེའི་ཕྱིར་འགྱངས་དུས་ཚོད་རིང་ཤོས་ལོ་གཅིག་ནས་བརྒལ་མི་ཆོག
དོན་ཚན་བཅུ་བདུན་པ། ལས་འཛིན་ལྷན་ཚོགས་ནི་ཚོགས་མིའི་འཐུས་མི་ཚོགས་ཆེན་གྱི་ལག་བསྟར་སྒྲིག་གཞི་ཡིན་ཞིང་། ཚོགས་མིའི་འཐུས་མི་ཚོགས་ཆེན་གྲོལ་རྗེས་མཐུན་ཚོགས་འདིའི་རྒྱུན་ལྡན་གྱི་ལས་དོན་ལ་འགོ་ཁྲིད་བྱེད་དགོས་པ་མ་ཟད། ཚོགས་མིའི་འཐུས་མི་ཚོགས་ཆེན་ལ་འགན་འཁུར་དགོས། ལས་འཛིན་གྱི་སྐབས་རེའི་འགན་འཁུར་ཡུན་ལོ་5ཡིན་ཞིང་། བསྟུད་མར་བདམས་ནས་འགན་འཛིན་བྱས་ཆོག
དོན་ཚན་བཅོ་བརྒྱད་པ། ལས་འཛིན་ལྷན་ཚོགས་ཀྱིས་གཤམ་གསལ་འགན་དབང་བསྒྲུབ་དགོས་པ་སྟེ།
(གཅིག)ཚོགས་མིའི་འཐུས་མི་ཚོགས་ཆེན་གྱི་གྲོས་ཆོད་ལག་བསྟར་བྱེད་པ་དང་།
(གཉིས)ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ། དྲུང་ཆེ། རྒྱུན་ལས་ལས་འཛིན་པ་བཅས་འདེམས་བསྐོ་དང་གནས་དབྱུང་གཏོང་བ།
(གསུམ)ལས་འཛིན་པ་ཁག་ཅིག་གསབ་སྣོན་བྱེད་པ།
(བཞི)ཚོགས་མིའི་འཐུས་མི་ཚོགས་ཆེན་འཚོག་རྒྱུར་གྲ་སྒྲིག་བྱེད་པ།
(ལྔ)ཚོགས་མིའི་འཐུས་མི་ཚོགས་ཆེན་ཐོག་ལས་དོན་དང་ནོར་དོན་གྱི་གནས་ཚུལ་སྙན་སེང་ཞུ་བ།
(དྲུག)ཚོགས་མི་བསྡུ་བའམ་མིང་ཐོ་ལས་འབུད་རྒྱུའི་གྲོས་ཐག་གཅོད་པ།
(བདུན)མཐུན་ཚོགས་འདིའི་བྱ་གཞག་གོང་འཕེལ་གྱི་འཆར་འགོད་དང་ལོ་འཁོར་གྱི་ལས་ཀའི་འཆར་གཞིར་གྲོས་ཞིབ་བྱ་རྒྱུ་དང་། མཐུན་ཚོགས་འདིའི་ལས་དོན་གལ་ཆེན་ལ་གྲོས་བསྡུར་དང་ཐག་གཅོད་བྱེད་པ།
(བརྒྱད)ནང་ཁུལ་གྱི་དོ་དམ་ལམ་ལུགས་བཟོ་བ།
(དགུ)མཐུན་ཚོགས་འདིའི་ཡན་ལག་མཐུན་ཚོགས་ཁག་གི་ལས་དོན་སྤེལ་བར་འགོ་ཁྲིད་བྱེད་པ།
(བཅུ)དོན་གནད་གལ་ཆེན་གཞན་དག་གྲོས་ཐག་གཅོད་པ་བཅས་སོ།
དོན་ཚན་བཅུ་དགུ་པ། ལས་འཛིན་པའི་ཚོགས་ཆེན་དེ་ལས་འཛིན་པ་གསུམ་ཆ་གཉིས་ཡན་ཞུགས་ཚེ་གཞི་ནས་སྐོང་ཚོགས་བྱེད་ཆོག་པ་དང་། དེའི་གྲོས་ཆོད་ནི་ངེས་པར་དུ་ཚོགས་ཞུགས་ལས་འཛིན་པ་ཕྱེད་ཀ་ཡན་གྱིས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཚེ་གཞི་ནས་ནུས་པ་ཐོན་རྒྱུ།
དོན་ཚན་ཉི་ཤུ་པ། ལས་འཛིན་ལྷན་ཚོགས་ཀྱིས་ལོ་རེར་ཉུང་མཐར་ཡང་ཚོགས་འདུ་ཐེངས་རེ་ཚོགས་དགོས་པ་དང་། ཚོགས་འདུའི་རྣམ་པ་དེ་གནས་ཚུལ་དངོས་ལ་གཞིགས་ནས་གཏན་འཁེལ་བྱས་ཆོག
དོན་ཚན་ཉེར་གཅིག་པ། མཐུན་ཚོགས་འདིར་རྒྱུན་ལས་ལས་འཛིན་ལྷན་ཚོགས་བཙུགས་ཡོད་པ་དང་། རྒྱུན་ལས་ལས་འཛིན་ལྷན་ཚོགས་དེ་ལས་འཛིན་ལྷན་ཚོགས་ཀྱིས་བདམས་ཐོན་བྱ་རྒྱུ། རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་མི་གྲངས་ནི་ལས་འཛིན་མི་གྲངས་ཀྱི་གསུམ་ཆ་གཅིག་ལས་བརྒལ་མི་ཆོག ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་གྲོལ་རྗེས་དོན་ཚན་བཅོ་བརྒྱད་པའི་ནང་གསེས(དང་པོ)དང་།(གསུམ་པ)(བཞི་པ)(ལྔ་པ)(དྲུག་པ)(བདུན་པ)(བརྒྱད་པ)(དགུ་པ)(བཅུ་པ)བཅས་ཀྱི་འགན་དབང་བསྒྲུབ་རྒྱུ་དང་། ལས་འཛིན་ལྷན་ཚོགས་ལ་འགན་འཁུར་རྒྱུ། རྒྱུན་ལས་ལས་འཛིན་ལྷན་ཚོགས་དེ་རྒྱུན་ལས་ལས་འཛིན་པ་གསུམ་ཆ་གཉིས་ཡན་ཞུགས་ཚེ་གཞི་ནས་ཚོགས་ཆོག་པ་དང་། གྲོས་ཆོད་དེ་ངེས་པར་དུ་ཚོགས་ཞུགས་རྒྱུན་ལས་ལས་འཛིན་པ་གསུམ་ཆ་གཉིས་ཡན་གྱིས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་རྗེས་གཞི་ནས་ནུས་པ་ཐོན་རྒྱུ།
དོན་ཚན་ཉེར་གཉིས་པ། རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱིས་ཉུང་མཐར་ཡང་ལོ་ཕྱེད་ནང་ཚོགས་འདུ་ཐེངས་རེ་སྐོང་ཚོགས་བྱེད་དགོས་པ་དང་། དམིགས་བསལ་གནས་ཚུལ་འོག་འཕྲིན་གཏོང་རྣམ་པའི་ཐོག་ནས་སྐོང་ཚོགས་བྱེད་ཆོག
དོན་ཚན་ཉེར་གསུམ་པ། མཐུན་ཚོགས་འདིའི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ། དྲུང་ཆེ་བཅས་ལ་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་ཚང་དགོས་པ་སྟེ།
(གཅིག)ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་བྱང་ཚད་ཡག་པོ་དགོས་པ་དང་།
(གཉིས)མཐུན་ཚོགས་འདིའི་ལས་སྒོའི་ཁྱབ་ཁོངས་ནང་ཤུགས་རྐྱེན་ཆེ་ཙམ་ཡོད་པ།
(གསུམ)ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ། དྲུང་ཆེ་བཅས་ཀྱི་འགན་བཞེས་ལོ་ཚད་ཆེ་ཤོས་རྩ་དོན་ཐོག་ལོ་ན་བདུན་ཅུ་ལས་བརྒལ་མི་ཆོག
(བཞི)གཟུགས་པོ་བདེ་ཐང་ཡིན་པ་དང་མཐུན་ཚོགས་འདིའི་འགོ་ཁྲིད་སྒྲིག་གཞིའི་རྒྱུན་ལྡན་ལས་དོན་སྒྲུབ་ཐུབ་པ།
(ལྔ)དམངས་དོན་གྱི་བྱ་སྤྱོད་སྤེལ་བའི་ནུས་པ་ཡོད་པ་བཅས་སོ།
དོན་ཚན་ཉེར་བཞི་པ། མཐུན་ཚོགས་འདིའི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ། དྲུང་ཆེ་བཅས་འགན་འཁུར་ལོ་ཚད་ལས་བརྒལ་རིགས་ངེས་པར་དུ་ལས་འཛིན་ལྷན་ཚོགས་ཐོག་བརྡས་ཐག་བཅད་ནས་གྲོས་འཆམ་བྱེད་དགོས་པ་དང་། དུས་མཚུངས་དོ་དམ་ཚན་པར་ཞིབ་བཤེར་བྱ་རྒྱུར་འབུལ་བ་དང་སྦྲགས་སྤྱི་ཚོགས་རྩ་འཛུགས་ཀྱི་ཐོ་འགོད་དོ་དམ་ལས་ཁུངས་ཀྱི་ཆོག་མཆན་དང་མོས་མཐུན་ཐོབ་རྗེས་གཞི་ནས་ལས་འགན་འཁུར་ཆོག
དོན་ཚན་ཉེར་ལྔ་པ། མཐུན་ཚོགས་འདིའི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ། དྲུང་ཆེ་བཅས་ཀྱི་རྒྱུན་མཐུད་འགན་འཁུར་ཡུན་ཚད་སྐབས་གསུམ་ལས་བརྒལ་མི་ཆོག དམིགས་བསལ་གྱི་གནས་ཚུལ་རྐྱེན་པས་འགན་འཁུར་ཡུན་ཚད་རིང་དུ་གཏོང་དགོས་ཚེ་ངེས་པར་དུ་ལས་འཛིན་པའི་ཚོགས་ཆེན་ཐོག་ལས་འཛིན་པའི་འཐུས་མི་གསུམ་ཆ་གཉིས་ཡན་གྱིས་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་རྗེས་དོ་དམ་ཚན་པར་ཕུལ་ནས་མོས་མཐུན་ཐོབ་པ་མ་ཟད། སྤྱི་ཚོགས་རྩ་འཛུགས་ཀྱི་ཐོ་འགོད་དོ་དམ་ལས་ཁུངས་ཀྱི་ཆོག་མཆན་དང་མོས་མཐུན་ཐོབ་རྗེས་གཞི་ནས་འགན་འཁུར་ཆོག
དོན་ཚན་ཉེར་དྲུག་པ། མཐུན་ཚོགས་འདིའི་ཁྲིམས་བཀོད་འཐུས་ཚབ་དེ་ཚོགས་གཙོས་འགན་འཁུར་རྒྱུ། དམིགས་བསལ་གནས་ཚུལ་གྱི་རྐྱེན་པས་ཚོགས་གཙོས་ཚོགས་གཙོ་གཞོན་པའམ་དྲུང་ཆེར་ཁྲིམས་བཀོད་འཐུས་ཚབ་པའི་འགན་འཁུར་རྒྱུར་མངགས་བཅོལ་བྱེད་དགོས་ཚེ། དོ་དམ་ཚན་པར་ཞིབ་བཤེར་བྱ་རྒྱུའི་སྙན་སེང་ཞུ་དགོས་པ་མ་ཟད། སྤྱི་ཚོགས་རྩ་འཛུགས་ཐོ་འགོད་དོ་དམ་ལས་ཁུངས་ཀྱི་ཆོག་མཆན་ཐོབ་རྗེས་གཞི་ནས་འགན་ཁུར་ཆོག ཁྲིམས་བཀོད་འཐུས་ཚབ་པས་མཐུན་ཚོགས་འདིའི་ཚབ་བྱས་ནས་འབྲེལ་ཡོད་ཡིག་ཆ་གལ་ཆེན་ལ་མིང་རྟགས་འགོད་དགོས། མཐུན་ཚོགས་འདིའི་ཁྲིམས་བཀོད་འཐུས་ཚབ་པས་ཚོགས་པ་གཞན་དག་གི་ཁྲིམས་བཀོད་འཐུས་ཚབ་པའི་འགན་གཅིག་ལྕོགས་འཁུར་མི་ཆོག
དོན་ཚན་ཉེར་བདུན་པ། མཐུན་ཚོགས་འདིའི་ཚོགས་གཙོས་གཤམ་གསལ་འགན་དབང་བསྒྲུབ་དགོས་པ་སྟེ།
(གཅིག)ལས་འཛིན་ཚོགས་འདུ་དང་རྒྱུན་ལས་ལས་འཛིན་ཚོགས་འདུ་སྐོང་འཚོགས་བྱས་ནས་གཙོ་སྐྱོང་བྱེད་པ་དང་།
(གཉིས)ལས་འཛིན་ལྷན་ཚོགས་དང་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱེད་དགོས།
དོན་ཚན་ཉེར་བརྒྱད་པ། མཐུན་ཚོགས་འདིའི་དྲུང་ཆེས་གཤམ་གསལ་གྱི་འགན་དབང་བསྒྲུབ་དགོས་པ་སྟེ།
(གཅིག)དོན་གཅོད་ལས་ཁུངས་ཀྱི་རྒྱུན་ལྡན་ལས་དོན་གཙོ་སྐྱོང་བྱེད་པ་དང་ལོ་འཁོར་གྱི་ལས་ཀའི་འཆར་གཞི་ལག་བསྟར་བྱེད་རྒྱུའི་སྒྲིག་འཛུགས་བྱེད་པ་དང་།
(གཉིས)ཡན་ལག་མཐུན་ཚོགས་ཁག་གི་ལས་དོན་སྤེལ་རྒྱུར་མཐུན་སྦྱོར་བྱེད་པ།
(གསུམ)དྲུང་ཆེ་གཞོན་པ་དང་ཡན་ལག་མཐུན་ཚོགས་ཀྱི་འགན་འཁུར་བ་གཙོ་བོའི་འོས་མིའི་མིང་ཐོ་རྒྱུན་ལས་ལས་འཛིན་ལྷན་ཚོགས་ལ་གྲོས་ཐག་གཅོད་རྒྱུར་འབུལ་དགོས་པ།
(བཞི)རྒྱུན་ལྡན་གྱི་ལས་དོན་གཞན་དག་ཐག་གཅོད་བྱེད་པ།
(ལྔ)མཐུན་ཚོགས་འདིའི་གྲོན་དངུལ་དོ་དམ་བྱེད་འགན་འཁུར་དགོས་པ་བཅས་སོ།
ལེའུ་ལྔ་པ། རྒྱུ་ནོར་དོ་དམ་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་རྩ་དོན་སྐོར།
དོན་ཚན་ཉེར་དགུ་པ། མཐུན་ཚོགས་འདིའི་གྲོན་དངུལ་ཡོང་ཁུངས་གཤམ་གསལ་ཏེ།
(གཅིག)མཐུན་ཚོགས་ཀྱི་ཚོགས་དངུལ་དང་།
(གཉིས)ཞལ་འདེབས་བརྒྱབ་པ།
(གསུམ)སྲིད་གཞུང་ནས་མ་དངུལ་གཏོང་སྤྲོད་བྱས་པ།
(བཞི)ཞིབ་དཔྱད་ཆོག་མཆན་ཐོབ་པའི་ལས་སྒོའི་ཁྱབ་ཁོངས་ནང་བྱེད་སྒོ་སྤེལ་བའམ་ཡང་ན་ཞབས་ཞུ་སྒྲུབ་པའི་ཡོང་འབབ།
(ལྔ)སྐྱེད་ཀ
(དྲུག)ཁྲིམས་མཐུན་གྱི་ཡོང་འབབ་གཞན་དག་བཅས་སོ།
དོན་ཚན་སུམ་ཅུ་པ། མཐུན་ཚོགས་འདིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཚོགས་མིའི་ཚོགས་དངུལ་བསྡུ་རྒྱུ།
དོན་ཚན་སོ་གཅིག་པ། མཐུན་ཚོགས་འདིའི་གྲོན་དངུལ་རྣམས་ངེས་པར་དུ་སྒྲིག་ཡིག་འདིའི་ནང་གཏན་འབེབས་བྱས་པའི་ལས་སྒོའི་ཁྱབ་ཁོངས་དང་བྱ་གཞག་གོང་འཕེལ་ཐད་སྤྱོད་དགོས་པ་ལས་ཚོགས་མིར་བགོ་འགྲེམས་བྱས་མི་ཆོག
དོན་ཚན་སོ་གཉིས་པ། མཐུན་ཚོགས་འདིས་ནོར་དོན་དོ་དམ་ལམ་ལུགས་ནན་པོ་བཟོས་ནས་རྩིས་ཐོ་ཁྲིམས་དང་མཐུན་པ་དང་། བདེན་པ་ཡིན་པ། ནོར་འཛོལ་མེད་པ། ཆ་ཚང་བ་བཅས་འགན་ལེན་བྱ་རྒྱུ།
དོན་ཚན་སོ་གསུམ་པ། མཐུན་ཚོགས་འདིར་རྩིས་པའི་ཆེད་ལས་ཀྱི་ཐོབ་ཐང་ཡོད་པའི་རྩིས་པ་བཀོད་སྒྲིག་བྱེད་དགོས་ཤིང་། རྩིས་པས་དངུལ་གཉེར་གྱི་འགན་གཅིག་ལྕོགས་ཁུར་མི་ཆོག་པ་དང་། ངེས་པར་དུ་རྩིས་གཉེར་གྱི་རང་ཚུགས་རྩིས་ཞིབ་བྱས་ནས་རྩིས་གཉེར་གྱིས་ལྟ་སྐུལ་བྱེད་དགོས། རྩིས་པ་ལས་གནས་བསྒྱུར་བའམ་ལས་གནས་ལས་བྲལ་སྐབས་ངེས་པར་དུ་འགན་བཞེས་རྩིས་ལེན་བདག་སྤྲོད་བྱེད་མཁན་དང་རྩིས་སྤྲོད་རྩིས་ལེན་གྱི་འགྲོ་ལུགས་གཉེར་དགོས།
དོན་ཚན་སོ་བཞི་པ། མཐུན་ཚོགས་འདིའི་རྒྱུ་ནོར་དོ་དམ་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ནོར་དོན་དོ་དམ་ལམ་ལུགས་ལག་ལེན་བསྟར་རྒྱུ་དང་། ལས་འཛིན་པའི་ཚོགས་ཆེན་དང་ནོར་སྲིད་སྡེ་ཚན་གྱི་ལྟ་སྐུལ་དང་ལེན་ཞུ་དགོས། རྒྱུ་ནོར་གྱི་ཡོང་ཁུངས་དེ་རྒྱལ་ཁབ་ནས་བཏང་བའམ་ཡང་ན་སྤྱི་ཚོགས་ཀྱི་ཞལ་འདེབས་དང་རོགས་དངུལ་གྱི་ཁོངས་སུ་གཏོགས་རིགས། ངེས་པར་དུ་རྩིས་བཤེར་ལས་ཁུངས་ཀྱི་ལྟ་སྐུལ་དང་ལེན་ཞུ་དགོས་པ་མ་ཟད། དེའི་འབྲེལ་ཡོད་གནས་ཚུལ་རྣམས་བྱེད་ཐབས་འོས་འཚམ་ཐོག་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་སོ་ལྔ་པ། མཐུན་ཚོགས་འདིའི་སྐབས་མ་བརྗེས་གོང་ངམ་ཡང་ན་ཁྲིམས་བཀོད་འཐུས་ཚབ་པ་མ་བརྗེས་གོང་ངེས་པར་དུ་སྤྱི་ཚོགས་རྩ་འཛུགས་ཐོ་འགོད་དོ་དམ་ལས་ཁུངས་དང་ལས་སྒོའི་དོ་དམ་ཚན་པས་སྒྲིག་འཛུགས་བྱས་པའི་ནོར་དོན་རྩིས་བཤེར་དང་ལེན་ཞུ་དགོས།
དོན་ཚན་སོ་དྲུག་པ། ཚན་པ་དང་མི་སྒེར་སུ་ཞིག་ཡིན་རུང་མཐུན་ཚོགས་འདིའི་རྒྱུ་ནོར་ཧམ་བཟུང་དང་། ལྐོག་བགོས། གཞན་སྤྱོད་བཅས་བྱེད་མི་ཆོག
ལེའུ་དྲུག་པ། སྒྲིག་ཡིག་བཟོ་བཅོས་ཀྱི་གོ་རིམ་སྐོར།
དོན་ཚན་སོ་བདུན་པ། མཐུན་ཚོགས་འདིའི་སྒྲིག་ཡིག་བཟོ་བཅོས་བྱེད་པར་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་བསྡུར་བྱས་རྗེས་ལས་འཛིན་པའི་ཚོགས་ཆེན་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་དགོས།
དོན་ཚན་སོ་བརྒྱད་པ། མཐུན་ཚོགས་འདི་ནས་བཟོ་བཅོས་བརྒྱབ་པའི་སྒྲིག་ཡིག་དེ་ངེས་པར་དུ་ལས་འཛིན་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་རྗེས་ཀྱི་ཉིན་བཅོ་ལྔའི་ནང་ཚུན་དུ་ལས་སྒོ་དོ་དམ་ཚན་པས་ཞིབ་བཤེར་བྱས་ནས་མོས་མཐུན་བྱུང་བ་མ་ཟད། སྤྱི་ཚོགས་རྩ་འཛུགས་ཀྱི་ཐོ་འགོད་དོ་དམ་ལས་ཁུངས་ལ་ཞིབ་བཤེར་ཆོག་མཆན་ཞུས་རྗེས་ནུས་པ་ཐོན་རྒྱུ།
ལེའུ་བདུན་པ། མཚམས་འཇོག་གོ་རིམ་དང་མཚམས་འཇོག་བྱས་རྗེས་ཀྱི་རྒྱུ་ནོར་ཐག་གཅོད་བྱེད་ཕྱོགས་སྐོར།
དོན་ཚན་སོ་དགུ་པ། མཐུན་ཚོགས་འདིས་དམིགས་ཡུལ་བསྒྲུབས་ཟིན་པའམ་ཡང་ན་རང་དགར་ཁ་ཐོར་བ། དེ་བཞིན་ཟུར་འཛུགས་དང་ཟླ་སྒྲིལ་བཏང་བ་སོགས་ཀྱི་རྐྱེན་པས་ཐོ་ཁོངས་ནས་སུབ་དགོས་རིགས་ལ། ལས་འཛིན་ལྷན་ཚོགས་སམ་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱིས་མཐུན་ཚོགས་མཚམས་འཇོག་རྒྱུའི་སྐབས་འཕྲལ་གྲོས་གཞི་འདོན་དགོས།
དོན་ཚན་བཞི་བཅུ་པ། མཐུན་ཚོགས་འདི་མཚམས་འཇོག་རྒྱུའི་སྐབས་འཕྲལ་གྲོས་གཞི་བཏོན་པ་དེ་ངེས་པར་དུ་ལས་འཛིན་ལྷན་ཚོགས་ཐོག་བརྡས་ཐག་བཅད་ནས་གྲོས་འཆམ་བྱེད་དགོས་པ་མ་ཟད། ལས་སྒོའི་དོ་དམ་ཚན་པས་ཞིབ་བཤེར་བྱས་ཏེ་མོས་མཐུན་ཐོབ་རེ་ཞུ་དགོས།
དོན་ཚན་ཞེ་གཅིག་པ། མཐུན་ཚོགས་འདི་མཚམས་འཇོག་མ་བྱས་གོང་ངེས་པར་དུ་ལས་སྒོ་དོ་དམ་ཚན་པའི་མཛུབ་ཁྲིད་འོག་ཞིབ་རྩིས་བྱེད་མཁན་སྒྲིག་འཛུགས་བྱས་ཏེ་བུན་དབང་དང་བུ་ལོན་གཙང་བཤེར། རྗེས་མཐུད་ཀྱི་དོན་དག་རྣམས་ཐག་གཅོད་བྱེད་དགོས་ཤིང་། ཞིབ་རྩིས་རྒྱག་རིང་བྱེད་སྒོ་གཞན་དག་སྤེལ་མི་ཆོག
དོན་ཚན་ཞེ་གཉིས་པ། སྤྱི་ཚོགས་རྩ་འཛུགས་ཀྱི་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཐོ་ཁོངས་ནས་བསུབ་པའི་ཐོ་འགོད་འགྲོ་ལུགས་གཉེར་རྗེས་མཐུན་ཚོགས་འདི་ཉིད་མཚམས་འཇོག་བྱས་པར་བརྩི་རྒྱུ།
དོན་ཚན་ཞེ་གསུམ་པ། མཐུན་ཚོགས་འདི་མཚམས་འཇོག་བྱས་རྗེས་ཀྱི་རྒྱུ་ནོར་ལྷག་མ་རྣམས་ལས་སྒོ་དོ་དམ་ཚན་པ་དང་སྤྱི་ཚོགས་རྩ་འཛུགས་ཐོ་འགོད་དོ་དམ་ལས་ཁུངས་ཀྱི་ལྟ་སྐུལ་འོག་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་མཐུན་ཚོགས་འདིའི་དམིགས་ཡུལ་དང་འབྲེལ་བ་ཡོད་པའི་བྱ་གཞག་གོང་འཕེལ་གཏོང་བའི་ཐོག་སྤྱོད་རྒྱུ།
ལེའུ་བརྒྱད་པ། ཞར་བྱུང་།
དོན་ཚན་ཞེ་བཞི་པ། སྒྲིག་ཡིག་འདི་2020ལོའི་ཟླ་7ཚེས་9ཉིན་སྐབས་ལྔ་པའི་ལས་འཛིན་གྲོས་ཚོགས་ཐོག་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་ཡིན།
དོན་ཚན་ཞེ་ལྔ་པ། སྒྲིག་ཡིག་འདིའི་གསལ་འགྲེལ་བྱེད་དབང་དེ་མཐུན་ཚོགས་འདིའི་ལས་འཛིན་ལྷན་ཚོགས་ལ་ཡོད།
དོན་ཚན་ཞེ་དྲུག་པ། སྒྲིག་ཡིག་འདི་སྤྱི་ཚོགས་རྩ་འཛུགས་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཞིབ་མཆན་བཀོད་ཉིན་ནས་བཟུང་ནུས་པ་ཐོན་རྒྱུ།
ཡིག་སྒྱུར་པ། བདེ་སྐྱིད།
ཞུ་དག་པ། ཡེ་ཤེས་བཟང་པོ།