无障碍阅读 关怀版

གྲོང་ཁྱེར་ལྷ་སའི་སྤྱི་ཚོགས་སྤྱོད་ཡིག་དོ་དམ་བྱ་ཐབས་(ཚོད་ལྟའི་ལག་བསྟར)

དུས་ཚོད། 2020-10-12 རྩོམ་པ་པོ རྩོམ་སྒྲིག

<<གྲོང་ཁྱེར་ལྷ་སའི་སྤྱི་ཚོགས་སྤྱོད་ཡིག་དོ་དམ་བྱ་ཐབས་(ཚོད་ལྟའི་ལག་བསྟར)>>དེ་2001ལོའི་ཟླ་8ཚེས་2ཉིན་གྲོང་ཁྱེར་ལྷ་ས་མི་དམངས་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བས་ད་ལྟ་འགྲེམས་བསྒྲགས་ཀྱིས་ལག་བསྟར་བྱ་རྒྱུ།

གྲོང་སྤྱི་བློ་བཟང་རྒྱལ་མཚན་གྱིས།

2001ལོའི་ཟླ་11ཚེས་16ཉིན།

 

དོན་ཚན་དང་པོ། སྤྱི་ཚོགས་སྤྱོད་ཡིག་ཐད་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་བོད་རྒྱ་ཡིག་རིགས་གཉིས་ཚད་ལྡན་ཅན་བཟོ་རྒྱུར་སྐུལ་འདེད་གཏོང་ཕྱིར། རྒྱལ་ཁབ་དང་རང་སྐྱོང་ལྗོངས་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བ་དང་རང་རེའི་གྲོང་ཁྱེར་གྱི་དོན་དངོས་ཟུང་འབྲེལ་བྱས་ཏེ་བྱ་ཐབས་འདི་ཉིད་བཟོས་པ་ཡིན།

དོན་ཚན་གཉིས་པ། བྱ་ཐབས་འདིར་འཁོད་སྤྱི་ཚོགས་ཀྱི་སྤྱོད་ཡིག་ཅེས་པ་ནི་གཙོ་བོར་སྤྱི་ཚོགས་ཐོག་དམངས་ཡོངས་ལ་ཁ་ཕྱོགས་ཏེ་བེད་སྤྱོད་བྱེད་པའི་བོད་རྒྱ་ཡིག་རིགས་གཉིས་ལ་ཟེར་ཞིང་དེའི་ནང་གཤམ་གསལ་ཁག་ཚུད་ཡོད་པ་སྟེ།

(གཅིག) ཚགས་པར་དང་། དུས་དེབ། དཔེ་དེབ་སོགས་དཔེ་སྐྲུན་དངོས་པོའི་ཐོག་གི་སྤྱོད་ཡིག

(གཉིས) ཁྲིམས་སྲོལ་དང་། སྲིད་འཛིན་བཀའ་རྒྱ། གཞུང་ཡིག ལག་ཁྱེར། སྦྱར་ཚིག མཚོན་རྟགས། ཚོགས་འདུའི་མིང་བྱང་། གཞུང་ཐམ། དཔང་ཡིག བྱ་དགའི་དངོས་པོའི་སྟེང་གི་སྤྱོད་ཡིག

(གསུམ) ཚོང་ཟོག་གི་མིང་དང་། ཚོང་ཟོག་གི་ཐུམ་སྒྲིལ། ཚོང་ཟོག་གི་གསལ་བཤད། ཚོང་རྟགས་མཚོན་བྱེད། བརྡ་ཁྱབ་བཅས་ཀྱི་སྤྱོད་ཡིག

(བཞི) རང་བྱུང་ས་ཁམས་ཀྱི་དངོས་མིང་དང་། སྲིད་འཛིན་ས་ཁུལ་གྱི་མིང་། གྲོང་མི་སྡོད་ཁུལ་གྱི་མིང་བཅས་དང་། དེ་བཞིན་ས་མིང་གི་དོན་སྙིང་ལྡན་པའི་ས་ཚུགས་དང་། གྲུ་ཁ། ཐང་ཆེན། འགྲོ་ལམ། ཁྲོམ་གཞུང་སོགས་ཀྱི་མིང་བཅས་ཀྱི་སྤྱོད་ཡིག

(ལྔ) རིག་གནས་དང་ལུས་རྩལ་གྱི་བྱེད་སྒོ་ཁག་གི་སྤྱོད་ཡིག་དང་ཚོགས་འདུའི་སྤྱོད་ཡིག

(དྲུག) རྩིས་རྒྱག་འཕྲུལ་འཁོར་དང་པར་འདེབས་འཕྲུལ་འཁོར་སོགས་ཆ་འཕྲིན་གྱི་སྤྱོད་ཡིག

(བདུན) ཁེ་ལས་དང་། བྱ་གཞག་ཚན་པ། ལས་ཁུངས། ཚོགས་པ་བཅས་ཀྱི་མིང་གི་སྤྱོད་ཡིག

(བརྒྱད)གཞན་ཡང་སྤྱི་པའི་རང་བཞིན་དང་མཚོན་བྱེད་རང་བཞིན་ལྡན་པའི་སྤྱི་ཚོགས་སྤྱོད་ཡིག་ཁག

དོན་ཚན་གསུམ་པ། གྲོང་ཁྱེར་འདི་གའི་སྲིད་འཛིན་ས་ཁོངས་ནང་དུ་བོད་རྒྱ་ཡིག་རིགས་གཉིས་སྤྱོད་མཁན་གྱི་ཚན་པ་དང་མི་སྒེར་བཅས་ཚང་མས་ངེས་པར་དུ་བྱ་ཐབས་འདིར་སྲུང་བརྩི་ཞུ་དགོས།

དོན་ཚན་བཞི་པ། སྲིད་འཛིན་ས་ཁོངས་འདིའི་ནང་གི་སྤྱི་ཚོགས་སྤྱོད་ཡིག་གི་ལས་དོན་ལ་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་དོན་གཅོད་ཁང་གིས་གཅིག་གྱུར་ཐོག་དོ་དམ་བྱ་རྒྱུ།

རྫོང་(ཆུས)ཁག་གི་བོད་སྐད་ཡིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་རང་ཁོངས་ས་ཁུལ་གྱི་སྤྱི་ཚོགས་སྤྱོད་ཡིག་ཐད་ཀྱི་དོ་དམ་ལས་ཀའི་འགན་འཁུར་རྒྱུ།

གསར་འགྱུར་དཔེ་སྐྲུན་དང་། རླུང་འཕྲིན་བཪྙན་འཕྲིན། བཟོ་ཚོང་སྲིད་འཛིན་དོ་དམ། ཁྲལ་དོན། སློབ་གསོ། གྲོང་ཁྱེར་འཛུགས་སྐྲུན། རིག་གནས་སོགས་འབྲེལ་ཡོད་ཚན་པ་ཁག་གིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་གི་སྤྱི་ཚོགས་སྤྱོད་ཡིག་ཐད་ཀྱི་དོ་དམ་ལས་ཀ་ཡག་པོ་སྒྲུབ་དགོས།

དོན་ཚན་ལྔ་པ། སྤྱི་ཚོགས་སྤྱོད་ཡིག་ཐད་ཆད་ལྷག་ཤོར་བའི་ཡི་གེ་དང་རང་དགར་གསར་བཟོ་བྱས་པའི་ཡི་གེ་བེད་སྤྱོད་བྱེད་མི་ཆོག

དོན་ཚན་དྲུག་པ། སྤྱི་ཚོགས་སྤྱོད་ཡིག་རྣམས་ངེས་པར་དུ་གཤམ་གསལ་གྱི་ཚད་གཞི་དང་མཐུན་དགོས་པ་སྟེ།

(གཅིག) བོད་རྒྱ་ཡིག་རིགས་གཉིས་ཀ་ཚད་ལྡན་དང་། གྲལ་སྒྲིག་པོ། མཐོང་བདེ་པོ་ཡོང་བ་བྱེད་དགོས།

(གཉིས) བོད་རྒྱ་ཡིག་རིགས་གཉིས་དབར་ཡིག་སྒྱུར་ཡང་དག་པ་དང་ནོར་འཛོལ་མེད་པའི་ཐོག་བོད་རྒྱ་ཡིག་རིགས་གཉིས་མཉམ་སྤྱོད་བྱེད་དགོས།

(གསུམ) བོད་རྒྱ་ཡིག་རིགས་གཉིས་ཀ་ཆེ་ཆུང་གཅིག་པ་འབྲི་དགོས་པའི་ཐོག སྟེང་དུ་བོད་ཡིག་དང་འོག་ཏུ་རྒྱ་ཡིག་གམ་གཡས་ལ་བོད་ཡིག་དང་གཡོན་ལ་རྒྱ་ཡིག་འབྲི་དགོས།

(བཞི)རྒྱ་ཡིག་ཟོར་ཡང་ཡི་གེ་ནི་1986ལོའི་ཟླ་10ཚེས་10ཉིན་རྒྱལ་སྲིད་སྤྱི་ཁང་ནས་ཆོག་མཆན་གནང་རྗེས་བསྐྱར་དུ་འགྲེམས་བསྒྲགས་བྱས་པའི་<<ཟོར་ཡང་ཡི་གེའི་ཕྱོགས་བསྡུས་རེའུ་མིག>>ཞེས་པ་དེ་ཚད་གཞིར་གཟུང་དགོས།

(ལྔ)འབྲི་སྲོལ་མི་གཅིག་པའི་ཡིག་གཟུགས་ནང་གི་ཡིག་གཟུགས་ཚད་ལྡན་ནི་རྒྱལ་ཁབ་རིག་གནས་པུའུ་དང་ཀྲུང་གོའི་ཡི་གེ་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་1955ལོར་འགྲེམས་བསྒྲགས་བྱས་པའི་<<འབྲི་སྲོལ་མི་གཅིག་པའི་རྒྱ་ཡིག་ཐོན་དང་པོའི་ཡིག་གཟུགས་ལེགས་སྒྲིག་རེའུ་མིག>>ཞེས་པའི་དེབ་དེ་ཚད་གཞིར་བཟུང་དགོས།

(དྲུག)པར་སྐྲུན་སྤྱོད་ཡིག་ཐད་རྒྱལ་ཁབ་སྐད་ཡིག་ཨུ་ཡོན་ལྷན་ཁང་དང་གསར་འགྱུར་དཔེ་སྐྲུན་ཧྲུའུ་ཡིས་1988ལོར་མཉམ་འབྲེལ་ཐོག་འགྲེམས་བསྒྲགས་བྱས་པའི་<<དེང་རབས་རྒྱ་སྐད་ཀྱི་སྤྱི་སྤྱོད་ཡིག་གཟུགས་རེའུ་མིག>>དང་དེ་བཞིན་རྒྱལ་ཁབ་སྐད་ཡིག་ཨུ་ཡོན་ལྷན་ཁང་ནས་1999ལོའི་ཟླ་10ཚེས་1ཉིན་འགྲེམས་བསྒྲགས་བྱས་པའི་ཡིག་གཟུགས་ཚད་མར་གཞི་འཛིན་དགོས།

དོན་ཚན་བདུན་པ། མཛེས་རྒྱན་དང་བརྡ་ཁྱབ་བཟོ་མཁན་ཁག་གིས་སྒོ་བྱང་དང་། མཚོན་རྟགས། བརྡ་ཁྱབ། དྲིལ་བསྒྲགས་དངོས་རྫས་སོགས་བཟོ་བའི་སྐབས་ངེས་པར་དུ་བོད་རྒྱ་ཡིག་རིགས་གཉིས་མཉམ་སྤྱོད་བྱེད་དགོས། བྱ་ཐབས་འདིའི་དོན་ཚན་དྲུག་པ་ལས་འགལ་བ་སྟེ་བོད་རྒྱ་ཡིག་རིགས་གཉིས་མཉམ་སྤྱོད་མི་བྱེད་པ་དང་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་མེད་པ་ཡིན་ཚེ་མཛེས་རྒྱན་དང་བརྡ་ཁྱབ་བཟོ་མཁན་གྱིས་བསྐྱར་དུ་བཟོ་བཅོས་རྒྱག་རྒྱུའི་འགན་འཁུར་དགོས།

དོན་ཚན་བརྒྱད་པ། སྤྱི་ཚོགས་སྤྱོད་ཡིག་ཐད་ལྟ་སྐུལ་དོ་དམ་བྱེད་མཁན་ཚན་པས་གཤམ་གསལ་གྱི་རང་རང་འགན་ནུས་ལྟར་སྤྱི་ཚོགས་སྤྱོད་ཡིག་གི་ལས་དོན་ལ་དོ་དམ་བྱེད་པའི་འགན་འཁུར་དགོས།

(གཅིག) ཚགས་པར་དང་། དུས་དེབ། དཔེ་དེབ་སོགས་དཔེ་སྐྲུན་དངོས་པོ་དང་། པར་སྐྲུན་ལས་རིགས། གློག་བཪྙན་དང་བཪྙན་འཕྲིན་བཅས་ཀྱིས་བེད་སྤྱོད་བྱེད་པའི་སྤྱི་ཚོགས་སྤྱོད་ཡིག་ཐད། རིག་གནས་དང་། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་བཪྙན་འཕྲིན་བཅས་སྲིད་འཛིན་དོ་དམ་ཚན་པ་ཁག་སོ་སོས་འགན་འཁུར་རྒྱུ།

(གཉིས)སྦྱར་ཚིག་དང་སྒོ་བྱང་། དྲིལ་བསྒྲགས་ཆེད་སྒྲོམ་དང་ཤེལ་སྒྲོམ་བཅས་ཀྱི་སྤྱི་ཚོགས་སྤྱོད་ཡིག་ཐད་གྲོང་ཁྱེར་དོ་དམ་ཚན་པས་འགན་འཁུར་རྒྱུ།

(གསུམ) ཁེ་ལས་ཀྱི་མིང་དང་། བརྡ་ཁྱབ། ཚོང་རྟགས། ཐུམ་སྒྲིལ། གསལ་བཤད་སོགས་ཀྱི་སྤྱི་ཚོགས་སྤྱོད་ཡིག་ཐད་བཟོ་ཚོང་སྲིད་འཛིན་དང་ལག་རྩལ་ལྟ་སྐུལ་ཚན་པས་ཁག་སོ་སོར་འགན་འཁུར་རྒྱུ།

(བཞི)ས་མིང་གི་སྤྱོད་ཡིག་ཐད་ས་མིང་དོ་དམ་ཚན་པས་འགན་འཁུར་རྒྱུ།

དོན་ཚན་དགུ་པ། ཁང་གླར་བཏང་བའི་ཁང་པའི་འགེལ་བྱང་ཀྱི་སྤྱོད་ཡིག་ཐད་ཁང་གླ་གཏོང་མཁན་གྱི་ཚན་པ་དང་ཁང་བདག་གིས་འགན་འཁུར་དགོས།

དོན་ཚན་བཅུ་པ། བྱ་ཐབས་འདི་ལག་བསྟར་བྱེད་པའི་ནང་དང་སྤྱི་ཚོགས་ཀྱི་སྤྱོད་ཡིག་ཚད་ལྡན་བཟོ་རྒྱུའི་ལས་ཀའི་ནང་གྲུབ་འབྲས་མངོན་གསལ་དོད་པོ་གཏོད་མཁན་གྱི་ཚན་པ་དང་མི་སྒེར་ལ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་སྐད་ཡིག་དོ་དམ་ཚན་པས་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།

དོན་ཚན་བཅུ་གཅིག་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ་གཤམ་གསལ་གྱི་བྱ་སྤྱོད་རིགས་ཡོད་མཁན་ཚན་པ་དང་མི་སྒེར་ལ་སྤྱི་ཚོགས་སྤྱོད་ཡིག་ལྟ་སྐུལ་དོ་དམ་ཚན་པས་འགན་ནུས་དབང་ཚད་གཞིར་བཟུང་སྐྱོན་བརྗོད་དང་སློབ་གསོ་གཏོང་རྒྱུ་དང་། དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བཀོད་པ་གཏོང་རྒྱུ། གལ་སྲིད་དུས་བཀག་ནང་ཡོ་བསྲང་མ་བྱས་ཚེ་ཉིན་རེར་སྒོར་50ཡན་ནས་སྒོར་1000མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ་དང་། ད་དུང་ཡང་སྒྱུར་བཅོས་མ་བཏང་ན་ཆད་པ་མུ་མཐུད་གཅོད་རྒྱུ།

གོང་གསལ་གཏན་འབེབས་གཞིར་བཟུང་ཆད་གཅོད་དངུལ་འབོར་ནི་ཚོང་གཉེར་མིན་པའི་བྱེད་སྒོའི་ནང་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ལ་སྒོར་1000ནས་མི་བརྒལ་བ་དང་ཚོང་གཉེར་གྱི་བྱེད་སྒོའི་ནང་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ལ་སྒོར་ 5000ནས་མི་བརྒལ་བ་བྱ་རྒྱུ།

(གཅིག) བོད་རྒྱ་ཡིག་རིགས་གཉིས་དབར་གྱི་ཡིག་སྒྱུར་ནོར་བ།

(གཉིས) བོད་རྒྱ་ཡིག་རིགས་གཉིས་མཉམ་སྤྱོད་མི་བྱེད་པ།

(གསུམ) བོད་རྒྱ་ཡིག་རིགས་གཉིས་གྲལ་སྒྲིག་པོ་མེད་པ།

(བཞི)རང་དགར་ཟོར་ལྕིའི་ཡི་གེ་བེད་སྤྱོད་བྱེད་པ་དང་ཟོར་ཡང་ཡིག་གཟུགས་གསར་བཟོ་བྱེད་པ། ཡིག་ནོར་གང་བྱུང་བྲིས་པ་བཅས།

(ལྔ)བེད་སྤྱོད་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཟིན་པའི་ཡིག་གཟུགས་གཞན་དག་མུ་མཐུད་བེད་སྤྱོད་བྱེད་པ།

དོན་ཚན་བཅུ་གཉིས་པ། ཚན་པ་དང་མི་སྒེར་གྱིས་མངགས་བཅོལ་བྱས་པའི་ཟུག་འབྲི་དང་། པར་སྐྲུན། པར་བརྐོས། ལུགས་རྒྱག གློག་རྡུལ་བཪྙན་སྟོན་བཅས་ཀྱི་སྤྱི་ཚོགས་སྤྱོད་ཡིག་ནང་དུ་ཚད་ལྡན་མིན་པའི་ཡི་གེ་ཡོད་ཚེ། བྱ་ཐབས་འདིའི་དོན་ཚན་བཅུ་གཅིག་པའི་གཏན་འབེབས་གཞིར་བཟུང་མངགས་བཅོལ་དང་ལེན་བྱེད་མཁན་འགན་འཁུར་ཚན་པའམ་འགན་འཁུར་མཁན་དེར་ཐག་གཅོད་བྱ་རྒྱུ།

དོན་ཚན་བཅུ་གསུམ་པ།  སྲིད་འཛིན་གྱི་ཆད་པ་གཅོད་རྒྱུའི་ཐག་གཅོད་བྱས་པར་དོ་བདག་གིས་མོས་མཐུན་མེད་ཚེ་ཁྲིམས་ལུགས་ལྟར་སྲིད་འཛིན་བསྐྱར་གྲོས་བྱ་རྒྱུའི་རེ་བ་ཞུ་བའམ་སྲིད་འཛིན་ཞུ་གཏུག་བྱེད་ཆོག དུས་བཀག་ནང་བསྐྱར་གྲོས་བྱ་རྒྱུའི་རེ་བ་མི་ཞུ་བ་དང་ཞུ་གཏུག་མི་རྒྱག་པ། ཆད་གཅོད་ལག་བསྟར་ཡང་མི་བྱེད་མཁན་ལ་ཆད་པ་གཅོད་མཁན་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ལ་བཙན་ཤེད་ལག་བསྟར་བྱ་དགོས་པའི་རེ་བ་ཞུས་ན་འགྲིག

དོན་ཚན་བཅུ་བཞི་པ། བྱ་ཐབས་འདི་ལག་བསྟར་བྱེད་རིམ་ནང་འཕྲད་པའི་ཞིབ་ཕྲའི་གནད་དོན་ཐད་གྲོང་ཁྱེར་ལྷ་ས་བོད་སྐད་ཡིག་ལས་དོན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་དོན་གཅོད་ཁང་ནས་འགྲེལ་བཤད་རྒྱག་རྒྱུའི་འགན་འཁུར་རྒྱུ།

དོན་ཚན་བཅོ་ལྔ་པ། བྱ་ཐབས་འདི་འགྲེམས་བསྒྲགས་བྱས་ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།

ཡིག་སྒྱུར་བ།  ལྷག་ཆུང་།

རྩོམ་སྒྲིག་པ།  སྐྱིད་ལུས།