བོད་རྒྱ་ཡིག་སྒྱུར་གྱི་ཆེད་ལས་གོ་མིང་དཔྱད་འདེམ་བསྐོ་གཞག་ལས་དོན་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་ཞིབ་སྲོལ།
ལེའུ་དང་པོ། སྤྱིའི་རྩ་འཛིན།
དོན་ཚན་དང་པོ། བོད་རྒྱ་ཡིག་སྒྱུར་གྱི་ཆེད་ལས་གོ་མིང་དཔྱད་འདེམ་བསྐོ་གཞག་བྱེད་པའི་ལས་དོན་ལེགས་པར་བསྒྲུབ་ཆེད།
རྒྱལ་ཁབ་ཀྱི་<<ཡིག་སྒྱུར་ཆེད་ལས་གོ་མིང་ཚོད་ལྟར་ལག་བསྟར་བྱ་རྒྱུའི་སྲོལ་ཡིག》དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བ་དང་།
རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་ཞིབ་སྲོལ་འདི་ཉིད་ཆེད་དུ་བཟོས་པ་ཡིན།
དོན་ཚན་གཉིས་པ། བོད་རྒྱ་ཡིག་སྒྱུར་གྱི་ཆེད་ལས་གོ་མིང་ལ་ཞུས་ཆེན་ལོ་ཙཱ་བ་དང་།
ཞུས་ཆུང་ལོ་ཙཱ་བ། ལོ་ཙཱ་བ། ལས་རོགས་ལོ་ཙཱ་བ་བཅས་རིགས་བཞིར་དབྱེ་རྒྱུ། ཞུས་ཆེན་ལོ་ཙཱ་བ་དང་ཞུས་ཆུང་ལོ་ཙཱ་བ་ནི་མཐོ་རིམ་ཆེད་ལས་གོ་མིང་དང་།
ལོ་ཙཱ་བ་ནི་འབྲིང་རིམ་ཆེད་ལས་གོ་མིང། ལས་རོགས་ལོ་ཙཱ་བ་ནི་དམའ་རིམ་ཆེད་ལས་གོ་མིང་བཅས་ཡིན།
ལེའུ་གཉིས་པ། དཔྱད་འདེམ་བསྐོ་གཞག་བྱེད་ཁོངས།
དོན་ཚན་གསུམ་པ། ཞིབ་སྲོལ་འདི་ཉིད་རང་ལྗོངས་ཀྱི་རྩོམ་སྒྱུར་ལས་རིགས་ནང་གི་བོད་རྒྱ་ཡིག་སྒྱུར་ལས་ཀའི་ལས་ཐོག་ཆེད་ལས་ལག་རྩལ་མི་སྣར་སྤྱོད་ཆོག་པ་ཡིན།
དོན་ཚན་བཞི་པ། གཤམ་གསལ་གྱི་གནས་ཚུལ་གང་ཞིག་ཡོད་མཁན་ཡིན་ཕྱིན་དེར་ཆེད་ལས་ལག་རྩལ་གོ་མིང་གནས་སྐབས་སྤྲོད་མཚམས་འཇོག་རྒྱུའམ་དཔྱད་འདེམས་བསྐོ་གཞག་མི་བྱ་རྒྱུ་སྟེ།
1 ཡིག་སྒྱུར་ལས་ཀ་བྱས་ནས་ལོ་གཅིག་འཁོར་མེད་པ།
2 ལས་བྲལ་སློབ་སྦྱོང་ལ་ལོ་གཅིག་ཡན་ཕྱིན་ནས་ད་ལམ་ལས་ཁུངས་དེ་གའི་ལས་ཐོག་ལ་འབྱོར་མེད་པ།
3 ལོ་མཇུག་གི་ཞིབ་དཔྱད་ནང་ལས་གོ་མི་འཕེར་མཁན་ཡིན་པ།
4 ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་པ་ཕོག་ནས་ལོ་གཅིག་འཁོར་རྒྱུ་ཡིན་པ།
5 སློབ་རིམ་དང་ཡོན་ཐོབ་རྫུན་བཟོ་བྱས་པ་དང་།
བྱས་རྗེས་རྫུན་ཞུ་བྱས་པ། མི་གཞན་གྱི་གྲུབ་འབྲས་བརྐུས་བཤུས་བྱས་པ།
6 ལོ་གཅིག་ཡན་བསྟུད་མར་ནད་དགོངས་ཞུས་ནས་རྒྱུན་ལྡན་གྱི་ལས་ཀར་ཡོང་མེད་པ།
7 ཡིག་སྒྱུར་ལས་གནས་ནས་ཁ་བྲལ་ཟིན་པའམ་ཡང་ན་ལས་བྲལ་རྒན་ཡོལ་བྱ་རྒྱུར་གཏན་འཁེལ་ཟིན་པ།
8 གྱོད་དོན་ཐོ་བཀོད་ཀྱིས་ཞིབ་བཤེར་བྱ་སའི་མི་དང་།
ཡང་ན་ཁྲིམས་ཆད་དུས་འགྱངས་བཏང་པ། ཡང་ན་དུས་འཐིམས་ཀློད་འགྲོལ་བཏང་བ། ཡང་ན་ངལ་རྩོལ་སློབ་གསོ་སྤྲོད་དུས་འཐིམས་རྗེས་སུ་ཡིག་སྒྱུར་ལས་གནས་ཐོག་ལས་ཀ་བྱས་ནས་ལོ་གཅིག་འཁོར་རྒྱུ་ཡིན་པ།
ལེའུ་གསུམ་པ། ལས་ཐོག་འགན་འཁྲི།
དོན་ཚན་ལྔ་པ། ལས་རོགས་ལོ་ཙཱ་བའི་འགན་འཁྲི་ནི་སྤྱིར་བཏང་གི་ཡིག་སྒྱུར་དང་སྐད་སྒྱུར་གྱི་ལས་འགན་འཁུར་རྒྱུ་སྟེ།
དེ་ཡང་སྐད་སྒྱུར་སྐབས་སྤྱིར་ན་སྐད་གཉིས་དབར་གོ་དོན་འཕྲོད་ངེས་ཡོད་ཅིང་སྐད་ཆའི་ཉམས་གདངས་མཐུན་པ་དང་།
ཡིག་སྒྱུར་སྐབས་སྒྱུར་ཁག་པོ་དེ་ཙམ་མེད་པའི་མ་ཡིག་ཡིག་སྒྱུར་གྱི་འགན་འཁུར་རྒྱུ་སྟེ་བརྡ་སྤྲོད་འཇུག་པ་མི་ནོར་བ་དང་བརྗོད་པ་བདེ་ཙམ་དགོས་པ།
དོན་ཚན་དྲུག་པ། ལོ་ཙཱ་བའི་འགན་འཁྲི་ནི་སྤྱིར་བཏང་གི་ཡིག་ཆ་རང་རྐྱ་འཕེར་བའི་སྒོ་ནས་ཡིག་སྒྱུར་བྱ་རྒྱུ་དང་སྤྱིར་བཏང་གི་ཚོགས་འདུའི་སྐད་སྒྱུར་བྱ་རྒྱུ་སྟེ།
དེ་ཡང་སྐད་ཆ་གོ་བདེ་བ་དང་བསྒྱུར་ཡིག་དོན་ནོར་མེད་པ། མ་ཟད་ལས་རོགས་ལོ་ཙཱ་བར་མཛུབ་ཁྲིད་བྱེད་པའི་ནུས་པ་ལྡན་དགོས་པ།
དོན་ཚན་བདུན་པ། ཞུས་ཆུང་ལོ་ཙཱ་བའི་འགན་འཁྲི་ནི་ཡིག་སྒྱུར་ཐོག་གོ་བ་ལེན་ཕྱོགས་དང་བརྗོད་པ་འདོན་སྟངས་ཐད་འཕྲད་པའི་དཀའ་གནད་ཐག་གཅོད་ལེགས་ཙམ་བྱེད་དགོས་པ་མ་ཟད།
ལོ་ཙཱ་བ་དང་ལས་རོགས་ལོ་ཙཱ་བར་མཛུབ་ཁྲིད་དང་དེ་དག་གསོ་སྐྱོང་བྱེད་དགོས་པ།
དོན་ཚན་བརྒྱད་པ། ཞུས་ཆེན་ལོ་ཙཱ་བའི་འགན་འཁྲི་ནི་བསྒྱུར་ཡིག་གལ་ཆེའི་རིགས་ལ་དག་བཅོས་བྱེད་དགོས་པ་དང་།
ཡིག་སྒྱུར་ཐོག་འཕྲད་པའི་དཀའ་གནད་ཆེ་ཁག་རིག་པའི་གཞུང་ལུགས་དང་དོན་དངོས་ཟུང་བྲེལ་ཐོག་ནས་ཐག་གཅོད་གང་ལེགས་བྱེད་དགོས་པ་མ་ཟད་།
ལས་རོགས་ལོ་ཙཱ་བ་དང་། ལོ་ཙཱ་བ། ཞུས་ཆུང་ལོ་ཙཱ་བར་མཛུབ་ཁྲིད་དང་དེ་དག་གསོ་སྐྱོང་བྱེད་དགོས་པ།
ལེའུ་བཞི་པ། གོ་མིང་བསྐོ་གཞག་བྱ་རྒྱུའི་ཆ་རྐྱེན།
དོན་ཚན་དགུ་པ། བོད་རྒྱ་ཡིག་སྒྱུར་ལས་གནས་ཀྱི་གོ་གནས་བསྐོ་བཞག་བྱ་རྒྱུའི་མི་ཞིག་ཡིན་ན།
ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། མཐའ་གཅིག་ཏུ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་།
ཁ་བྲལ་ལ་ངོ་རྒོལ། སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ལ་དགའ་ཞེན། རྒྱ་བོད་ཡིག་སྒྱུར་གྱི་བྱ་གཞག་ལ་དགའ་ཞེན་བཅས་བྱེད་མཁན་ཞིག་དང་།
འགན་བབ་ལས་སྒོར་རིག་པས་བརྩོན་པ། རང་གི་ལས་འགན་ཧུར་ལེགས་སྒྲུབ་པ། གཟུགས་གཞི་བདེ་ཞིང་ཐང་བ།
ཡིག་སྒྱུར་ལས་སྒོ་འཕེར་བ། སྒྲིག་ལམ་སྲུང་ཞིང་ཁྲིམས་ལ་བཀུར་བ། ལས་ཀའི་ཀུན་སྤྱོད་སྲུང་བ་བཅས་ཡིན་མཁན་ཞིག་དགོས་པ།
དོན་ཚན་བཅུ་པ། ལས་རོགས་ལོ་ཙཱ་བར་བསྐོ་བཞག་བྱ་རྒྱུའི་ཆ་རྐྱེན།
1 བོད་རྒྱ་སྐད་ཡིག་གཉིས་ཀྱི་རྨང་གཞིའི་ཤེས་བྱ་ཆེད་ལས་སློབ་ཆེན་ཐོན་པའིཆུ་ཚད་ཡོད་པ་མ་ཟད།
འབྲེལ་ཡོད་ཆེད་ལས་ཀྱི་ཤེས་བྱ་ལྡན་པ་དང་། ཡིག་སྒྱུར་གྱི་རྩ་བའི་སྒྱུར་ཐབས་དང་སྒྱུར་རྩལ་ཁོང་དུ་ཆུད་པ།
སྤྱིར་བཏང་གི་ཡིག་སྒྱུར་ལས་འགན་སྒྲུབ་ཐུབ་པའི་འཇོན་ཐང་ལྡན་པ་བཅས་དགོས་པ།
2 ཕྱི་རྒྱལ་སྐད་ཡིག་ཅིག་རོབ་ཙམ་ཤེས་པ་གང་ཞིག་ཡིག་ཚད་ཀྱང་ལོན་དགོས་པ།
3 གཤམ་གསལ་གྱི་གཏན་འབེབས་ནང་ནས་ཆ་རྐྱེན་ཞིག་ཚང་དགོས་པ་སྟེ།
(1) ཞིབ་འཇུག་སློབ་མའི་སློབ་ཐོན་ལག་ཁྱེར་རམ་སློབ་རམས་པ་ཐོབ་ཐེངས་གཉིས་པའི་ཡོན་ཐོབ་ལག་ཁྱེར་ཡོད་པ།
(2) དངོས་ཚན་སློབ་ཆེན་ཐོན་ནས་ཆེད་ལས་དེའི་ཐོག་ལས་ཀ་ལོ་གཅིག་ཡན་བྱས་པ།
(3) ཆེད་ཚན་སློབ་ཆེན་ཐོན་ནས་ཆེད་ལས་དེའི་ཐོག་ལས་ཀ་ལོ་གསུམ་ཡན་བྱས་པ།
(4) འབྲིང་རིམ་ཆེད་ལས་སློབ་གྲྭ་ཐོན་ནས་ཆེད་ལས་དེའི་ཐོག་ལས་ཀ་ལོ་ལྔ་ཡན་བྱས་པ།
(5) མཐོ་རིམ་སློབ་འབྲིང་ཐོན་ནས་ཆེད་ལས་དེའི་ཐོག་ལས་ཀ་ལོ་བདུན་ཡན་བྱས་པ།
དོན་ཚན་བཅུ་གཅིག་པ། ལོ་ཙཱ་བར་བསྐོ་བཞག་བྱ་རྒྱུའི་ཆ་རྐྱེན།
1 བོད་རྒྱ་སྐད་ཡིག་གཉིས་ཆེད་ལས་སློབ་ཆེན་ཡན་གྱི་ཆུ་ཚད་ཡོད་པ་དང་།
ཚན་རིག་རིག་གནས་ཀྱི་ཤེས་བྱ་ངེས་ཅན་ཞིག་ཡོད་པ། ཡིག་སྒྱུར་གྱི་སྒྱུར་ཐབས་དང་སྒྱུར་རྩལ་ལ་བྱང་ཆུབ་པོ་ཡོད་པ།
རང་རྐྱ་འཕེར་བའི་སྒོ་ནས་ཡིག་སྒྱུར་ལས་འགན་སྒྲུབ་པའི་ནུས་པ་ཡོད་པ་མ་ཟད་ལས་ཀའི་ནང་གྲུབ་འབྲས་ངེས་ཅན་ཡོད་ལ་ཆེད་ལས་ཀྱི་དཔྱད་རྩོམ་མམ་ཡང་ན་བསྒྱུར་ཡིག་གཉིས་ཡན་ཞིག་ཞིང་ཆེན་རིམ་པའི་དུས་དེབ་ཐོག་བཏོན་ཡོད་པ་བཅས་དགོས་པ།
2 ཕྱི་རྒྱལ་གྱི་སྐད་ཡིག་གཅིག་ཙམ་ཤེས་པ་གང་ཞིག་ཡིག་ཚད་ཀྱང་ལོན་ཡོད་པ་དང་།
རྩིས་འཁོར་བཀོལ་སྤྱོད་བྱེད་ཤེས་པ།
3 གཤམ་གསལ་གྱི་གཏན་འབེབས་ནང་ནས་ཆ་རྐྱེན་ཞིག་ཚང་དགོས་པའི་ཐོག་རྟོག་ཞིབ་བྱས་པ་བརྒྱུད་ཡིག་སྒྱུར་འགན་འཁྲི་འཁྱེར་ནུས་ཀྱང་ཡོད་པ།
(1) འབུམ་རམས་པའི་ཡོན་ཐོབ་ཡོད་པ།
(2) ཤེས་རམས་པའི་ཡོན་ཐོབ་ཡོད་ལ་ལས་རོགས་ལོ་ཙཱ་བའི་གོ་གནས་ཐོབ་ནས་ལོ་གཅིག་ཡན་ཕྱིན་པ།
(3) ཞིབ་འཇུག་སློབ་མའི་སློབ་ཐོན་ལག་ཁྱེར་རམ་སློབ་རམས་པ་ཐོབ་ཐེངས་གཉིས་པའི་ཡོན་ཐོབ་ལག་ཁྱེར་ཡོད་ལ་ལས་རོགས་ལོ་ཙཱ་བའི་གོ་མིང་ཐོབ་ནས་ལོ་གཉིས་ཡན་ཕྱིན་པ།
(4) དངོས་ཚན་སློབ་ཆེན་ཐོན་ཞིང་ལས་རོགས་ལོ་ཙཱ་བའི་གོ་མིང་ཐོབ་ནས་ལོ་བཞི་ཡན་ཕྱིན་པ།
(5) ཆེད་ལས་སློབ་ཆེན་ཐོན་ཞིང་ལས་རོགས་ལོ་ཙཱ་བའི་གོ་མིང་ཐོབ་ནས་ལོ་ལྔ་ཡན་ཕྱིན་པ།
(6)འབྲིང་རིམ་ཆེད་ལས་སློབ་གྲྭ་ཐོན་ཞིང་ལས་རོགས་ལོ་ཙཱ་བའི་གོ་མིང་ཐོབ་ནས་ལོ་དྲུག་ཡན་ཕྱིན་པ།
(7) མཐོ་རིམ་སློབ་འབྲིང་ཐོན་ཡིན་ཞིང་ལས་རོགས་ལོ་ཙཱ་བའི་གོ་མིང་ཐོབ་ནས་ལོ་བཅུ་ཡན་ཕྱིན་པ།
དོན་ཚན་བཅུ་གཉིས་པ། ཞུས་ཆུང་ལོ་ཙཱ་བར་བསྐོ་བཞག་བྱ་རྒྱུའི་ཆ་རྐྱེན།
1 བོད་རྒྱ་སྐད་ཡིག་གཉིས་དངོས་ཚན་སློབ་ཆེ་ཡན་གྱི་ཆུ་ཚད་ལྡན་པ་དང་།
ཚན་རིག་རིག་གནས་ཀྱི་ཤེས་བྱ་རྒྱ་ཆེ་ཙམ་ཡོད་པ། ཡིག་སྒྱུར་ཆེད་ལས་ལ་ཞིབ་འཇུག་རྒྱ་ཆེ་ལ་གཏིང་ཟབ་པ་མ་ཟད་ཆུ་ཚད་གང་ཙམ་ཡོད་པའི་ཞིབ་འཇུག་བྱས་འབྲས་ཀྱང་ཡོད་པ།
ད་ཡོད་གོ་མིང་ཐོབ་པ་ནས་བཟུང་ཞིང་ཆེན་རིམ་པ་ཡན་གྱི་དུས་དེབ་ཐོག་རིག་གཞུང་གི་རིན་ཐང་ཆེ་ཙམ་ལྡན་པའི་ཆེད་ལས་དཔྱད་རྩོམ་གསུམ་ཡན་དང་བསྒྱུར་རྩོམ་མམ་ཡང་ན་ཆེད་རྩོམ་གྱི་དེབ་གཅིག་ཡན་བཏོན་ཡོད་པ།
ལས་རིགས་དེའི་ནང་ཤུགས་རྐྱེན་ཆེ་ཙམ་ཡོད་ལ་ལས་ཀའི་གྲུབ་འབྲས་ཀྱང་གཟེངས་སུ་ཐོན་པ་བཅས་དགོས་པ།
2 ཕྱི་རྒྱལ་གྱི་སྐད་ཡིག་གཅིག་ཙམ་བྱང་ཆུབ་པར་ཤེས་པ་གང་ཞིག་ཡིག་ཚད་ཀྱང་ལོན་ཡོད་པ།
3 ཆེད་ལས་དེའི་ཐོག་རྩིས་འཁོར་བྱང་ཆུབ་པར་བཀོལ་སྤྱོད་བྱེད་ཤེས་པ།
4 གཤམ་གསལ་གྱི་གཏན་འབེབས་ནང་ནས་ཆ་རྐྱེན་ཞིག་ཚང་དགོས་པ་སྟེ།
(1)འབུམ་རམས་པའི་ཡོན་ཐོབ་ཡོད་ལ་ལོ་ཙཱ་བའི་གོ་མིང་ཐོག་ལོ་གསུམ་ཡན་ཕྱིན་པ།
(2)ཞིབ་འཇུག་སློབ་མ་ཐོན་ནས་ལོ་ཙཱ་བའིགོ་མིང་ཐོག་ལོ་བཞི་ཡན་ཕྱིན་པ།
(3)དངོས་ཚན་སློབ་ཆེ་ཐོན་ཞིང་ལོ་ཙཱ་བའི་གོ་མིང་ཐོག་ལོ་ལྔ་ཡན་ཕྱིན་པ།
(4)ཆེད་ལས་སློབ་ཆེ་ཐོན་ཞིང་ལོ་ཙཱ་བའི་གོ་མིང་ཐོག་ལོ་དྲུག་ཡན་ཕྱིན་པ།
དོན་ཚན་བཅུ་གསུམ་པ། ཞུས་ཆེན་ལོ་ཙཱ་བར་བསྐོ་བཞག་བྱ་རྒྱུའི་ཆ་རྐྱེན།
1 བོད་རྒྱ་སྐད་ཡིག་གཉིས་དངོས་ཚན་སློབ་ཆེན་ཡན་གྱི་ཆུ་ཚད་ཡོད་ལ་ཞུས་ཆུང་ལོ་ཙཱ་བའི་གོ་མིང་ཐོབ་ནས་ལོ་ལྔ་ཡན་ཕྱིན་པ་དང་།
ཚན་རིག་རིག་གནས་ཀྱི་ཤེས་བྱ་རྒྱ་ཆེ་ལ་རིག་གཞུང་གི་ཡོན་ཚད་མཐོ་བ། ད་ཡོད་གོ་མིང་ཐོབ་པ་ནས་བཟུང་ཞིང་ཆེན་རིམ་པ་ཡན་གྱི་དུས་དེབ་ཐོག་རིག་གཞུང་གི་ཆུ་ཚད་མཐོ་ཞིང་ཤུགས་རྐྱེན་ཆེ་བའི་དཔྱད་རྩོམ་བཞི་ཡན་དང་བསྒྱུར་རྩོམ་མམ་ཡང་ན་ཆེད་རྩོམ་གྱི་དེབ་གཉིས་ཡན་བཏོན་ཡོད་པ།
ལས་ཀའི་གྲུབ་འབྲས་ཀྱང་གཟེངས་སུ་ཐོན་པ། ལས་རིགས་དེའི་ནང་སྙན་གྲགས་ཀྱང་ཡོད་པ་བཅས་ཞིག་དགོས་པ།
2 འགན་འབབ་ལས་ཀ་དང་ཚན་རིག་ཞིབ་འཇུག་ཐོག་སྒྲིག་འཛུགས་ཀྱི་ནུས་པ་ཆེ་བ་དང་།
དོན་དངོས་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པ། ཡིག་སྒྱུར་ལས་སྒོ་སྤེལ་ཕྱོགས་ཐད་ཐུན་མོང་མིན་པའི་ལྟ་ཚུལ་འདོན་ཐུབ་པ།
རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱིས་ཡིག་སྒྱུར་གྱི་རིག་གཞུང་གནད་དོན་ཆེ་རིགས་ཐག་གཅོད་བྱེད་ཐུབ་པ།
3 ཕྱི་རྒྱལ་གྱི་སྐད་ཡིག་གཅིག་ཙམ་བྱང་ཆུབ་པར་ཤེས་པ་གང་ཞིག་ཡིག་ཚད་ཀྱང་ལོན་ཡོད་པ།
4 ཆེད་ལས་དེའི་ཐོག་རྩིས་འཁོར་བྱང་ཆུབ་པར་བཀོལ་སྤྱོད་བྱེད་ཤེས་པ།
དོན་ཚན་བཅུ་བཞི་པ། གོ་མིང་བསྐོ་བཞག་སྐོར་གྱི་འབྲེལ་ཡོད་གསལ་བཤད།
གོ་མིང་བསྐོ་བཞག་བྱ་རྒྱུའི་ཆ་རྐྱེན་ནང་འཁོད་པའི་བསྒྱུར་རྩོམ་དང་ཆེད་རྩོམ་ཞེས་པ་ནི་དཔེ་སྐྲུན་ཚན་པས་དངོས་སུ་དཔེ་སྐྲུན་ཟིན་པའི་བསྒྱུར་རྩོམ་དང་ཆེད་རྩོམ་མམ་ཞིང་ཆེན་རིམ་པ་ཡན་གྱི་དུས་དེབ་ཐོག་དངོས་སུ་བཀོད་པའི་བསྒྱུར་རྩོམ་དང་ཆེད་རྩོམ་ལ་ཟེར།
ལེའུ་ལྔ་པ། དཔྱད་འདེམ་བྱེད་མཁན་སྒྲིག་འཛུགས་དང་དེའི་དབང་ཚད།
དོན་ཚན་བཅོ་ལྔ་པ། <<ཆེད་ལས་ལག་རྩལ་གྱི་གོ་མིང་དཔྱད་འདེམ་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱེད་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བཅའ་ཁྲིམས>>ཀྱི་གཏན་འབེབས་གཞིར་བཟུང་ནས་ཡིག་སྒྱུར་ཆེད་ལས་ལག་རྩལ་གོ་མིང་དཔྱད་འདེམ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དང་།
དེ་དོན་བོད་མི་དོན་ཡིག་ཨང་[1998]ཡི་ཨང་59པའི་གཏན་འབེབས་ལྟར་ཆོག་མཆན་ཞུ་རྒྱུ།
རྫོང་ཁག་གིས་གོང་རིམ་མི་དོན་ཚན་པའི་ཆོག་མཆན་ཐོབ་རྗེས་དམའ་རིམ་གྱི་ཡིག་སྒྱུར་ཆེད་ལས་ལག་རྩལ་གོ་གནས་དཔྱད་འདེམ་ཨུ་ཡོན་ལྷན་ཁང་འཛུགས་ཆོག
མི་གྲངས་སྤྱིར་ན་མི་7-9བར་དགོས་པ་དང་། དེའི་ནང་འབྲིང་རིམ་ཡིག་སྒྱུར་ཆེད་ལས་པ་མི་2ཡན་ཡོད་དགོས།
ས་གནས་(གྲོང་ཁྱེར)དང་ལྗོངས་ཐད་གཏོགས་ཐིང་རིམ་པའི་ལས་ཁུངས་ཀྱིས་ལྗོངས་མི་དོན་ཐིང་ནས་ཆོག་མཆན་ཐོབ་རྗེས་འབྲིང་རིམ་གྱི་ཡིག་སྒྱུར་ཆེད་ལས་ལག་རྩལ་གོ་གནས་དཔྱད་འདེམ་ཨུ་ཡོན་ལྷན་ཁང་འཛུགས་ཆོག
མི་གྲངས་སྤྱིར་ན་མི་11ཡན་དགོས་པ་དང་། དེའི་ནང་མཐོ་རིམ་ཡིག་སྒྱུར་ཆེད་ལས་པ་མི་2ཡན་ཡོད་དགོས།
ས་གནས་(གྲོང་ཁྱེར)དང་། ལྗོངས་ཐད་གཏོགས་ལས་ཁུངས།
རྫོང་བཅས་ཀྱི་རྩོམ་སྒྱུར་ཚན་པར་ཆེད་ལས་ལག་རྩལ་མི་སྣ་མི་འདིང་བའི་རྐྱེན་གྱིས་དཔྱད་འདེམ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུར་དཀའ་ངལ་ཡོད་ཚེ།
མི་དོན་ཚན་པའི་མངག་བཅོལ་ལྟར་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུད་ཀྱི་འབྲིང་རིམ་དང་དམའ་རིམ་གྱི་ཡིག་སྒྱུར་ཆེད་ལས་ལག་རྩལ་གོ་མིང་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གིས་ཚབ་འདེམ་བྱས་ན་འགྲིག
ལྗོངས་རྩོམ་སྒྱུར་ཅུད་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་མཐོ་རིམ་ཡིག་སྒྱུར་ཆེད་ལས་ལག་རྩལ་གོ་མིང་དཔྱད་འདེམ་ཨུ་ཡོན་ལྷན་ཁང་འཛུགས་དགོས་པ་དང་།
དེས་ལྗོངས་ཡོངས་ཀྱི་མཐོ་རིམ་ཡིག་སྒྱུར་ཆེད་ལས་ལག་རྩལ་གོ་མིང་ཀྱི་དཔྱད་འདེམ་ལས་དོན་ལ་གཅིག་གྱུར་འགན་འཁུར་དགོས།
དོན་ཚན་བཅུ་དྲུག་པ། དཔྱད་འདེམ་ཨུ་ཡོན་ལྷན་ཁང་གིས་ཡིག་སྒྱུར་ཆེད་ལས་མི་སྣ་དེར་དེ་མཚུངས་ཀྱི་ཆེད་ལས་གོ་མིང་བསྐོ་བཞག་བྱེད་པའི་ཆ་རྐྱེན་ཚང་ཡོད་མིན་དཔྱད་བསྡུར་དང་ཞིབ་བཤེར་བྱེད་པའི་འགན་འཁུར་རྒྱུ་དང་།
ཡིག་སྒྱུར་ཆེད་ལས་ལག་རྩལ་གྱི་གོ་མིང་རིམ་པ་ཁག་གི་ཆ་རྐྱེན་དང་ལས་ཐོག་འགན་འཁྲིའི་རེ་ཚད་གཞིར་བཟུང་ནས་ཆེད་ལས་གོ་གནས་རེ་དོན་ཞུ་མིའི་ལས་སྒོའི་ཆུ་ཚད་དང་།
ལས་ཀའི་རྣམ་འགྱུར། ལས་ཀའི་གྲུབ་འབྲས། དེ་མིན་དོན་དངོས་ཀྱི་འགན་སྒྲུབ་ནུས་པ་སོགས་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱེད་འགན་འཁུར་རྒྱུ།
དོན་ཚན་བཅུ་བདུན་པ། ཡིག་སྒྱུར་ཆེད་ལས་གོ་མིང་གི་དཔྱད་འདེམ་དེ་ལོ་རེའི་དུས་ཚིགས་བཞི་པར་ཐེངས་གཅིག་འཚོགས་རྒྱུ་དང་།
ཐེངས་སོ་སོའི་དཔྱད་འདེམ་ནང་ཞུགས་མཁན་ཨུ་ཡོན་གྱིས་ངེས་པར་དུ་ཨུ་ཡོན་བསྡོམས་འབོར་གྱི་བརྒྱ་ཆ་གཉིས་(གསུམ་ཆ་གཉིས)ཡན་ཟིན་དགོས།
དཔྱད་འདེམ་ཚོགས་འདུའི་གཙོ་སྐྱོང་དེ་ཀྲུའུ་རེན་ཨུ་ཡོན་ནམ་ཡང་ན་ཀྲུའུ་རེན་ཨུ་ཡོན་བཞོན་པས་བྱེད་དགོས་པ་དང་།
མིང་མ་བཀོད་པའི་འདེམ་ཤོག་འཕེན་ཐབས་ཐོག་ནས་བརྡས་ཐག་གཅད་རྒྱུ་སྟེ་ཚོགས་ཞུགས་དཔྱད་འདེམ་ཨུ་ཡོན་གྱི་གསུམ་ཆ་གཉིས་ཡན་གྱི་མོས་ཤོག་ཐོབ་ན་གྲོས་འཆམ་བྱུང་བ་ཡིན།
དཔྱད་འདེམ་གྲོས་འཆམ་བྱུང་ན་དེ་ལྟར་དཔྱད་འདེམ་བསམ་འཆར་འབྲི་དགོས་པ་མ་ཟད་ཀྲུའུ་རེན་ཨུ་ཡོན་གྱིས་མཚན་རྟགས་བཀོད་ནས་ཐམ་ག་ཕབ་དགོས་ལ་རིམ་པ་མཚུངས་པའི་སྲིད་འཛིན་གཙོ་གཉེར་ཚན་པས་ཀྱང་ཐམ་ག་ཕབ་དགོས།
གལ་ཏེ་མི་དོན་ཚན་པར་ཕུལ་ནས་ཞིབ་བཤེར་ཆོག་མཆན་ཐོབ་ན་དེ་ལྟར་ཐོབ་ཐང་ཁས་ལེན་བྱ་རྒྱུ་དང་ཐོབ་ཐང་ལག་ཁྱེར་ཡང་སྤྲོད་རྒྱུ།
དོན་ཚན་བཅོ་བརྒྱད་པ། རིམ་པ་ཁག་གི་དཔྱད་འདེམ་ཨུ་ཡོན་ལྷན་ཁང་དེ་ནི་ངེས་པར་དུ་ཆེད་ལས་ཀྱི་ཆུ་ཚད་མཐོ་བ་དང་།
སྤྱོད་ལམ་ཡག་པ། ལས་ཀར་གཞུང་དྲང་བ་བཅས་ཀྱི་ཆེད་ལས་མི་སྣ་ལས་གྲུབ་དགོས་པ་དང་། དེས་རིམ་པ་ཁག་གི་ཆེད་ལས་གོ་གནས་བསྐོ་བཞག་བྱེད་པའི་ཆ་རྐྱེན་ལ་ཞིབ་བཤེར་ནན་ཏན་གྱིས་དཔྱད་འདེམ་སྤུས་ཚད་འགན་ལེན་བྱེད་དགོས།
མ་ཡིན་རྫུན་བཟོ་བྱས་ནས་གོ་མིང་ཐོབ་ཐང་ལེན་ཐབས་བྱེད་མཁན་ཡོད་ཕྱིན་དེའི་ཐོབ་ཐང་མེད་པ་བཟོ་རྒྱུ།
འབྲེལ་ཡོད་སྲིད་ཇུས་དང་གཏན་འབེབས་ལས་འགལ་ནས་གྲོས་བསྡུར་ནང་དོན་ཕྱི་འགྱར་བྱེད་མཁན་གྱི་དཔྱད་འདེམ་ཨུ་ཡོན་ལ་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཐག་གཅོད་ནན་པོ་བྱ་རྒྱུ།
དཔྱད་འདེམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་སྒེར་དང་དེའི་གཉེན་ཚན་གྱི་ཆེད་ལས་གོ་མིང་དཔྱད་འདེམ་བྱེད་སྐབས་དེ་ག་ངེས་པར་དུ་གཡོལ་དགོས།
ལེའུ་དྲུག་པ། གདན་ཞུ་བསྐོ་བཞག་བྱ་རྒྱུའི་སྐོར།
དོན་ཚན་བཅུ་དགུ་པ། བོད་རྒྱ་ཡིག་སྒྱུར་གྱི་ཆེད་ལས་གོ་མིང་དེ་བཞིན་གདན་ཞུའི་བསྐོ་བཞག་གི་ལམ་ལུགས་ལག་བསྟར་བྱ་རྒྱུ།
བསྐོ་བཞག་ཆ་རྐྱེན་ཚང་བ་ཡིན་ན། ལས་ཁུངས་ཀྱིས་རྩ་འཛུགས་མི་དོན་ཚན་པའི་གཏན་འབེབས་དབང་ཚད་ལ་གཞིགས་ནས་དེར་གདན་ཞུའི་བསྐོ་བཞག་བྱ་རྒྱུ་མ་ཟད།
སྲིད་འཛིན་འགོ་ཁྲིད་དང་གདན་ཞུ་ཐོབ་མཁན་ཆེད་ལས་པའི་དབར་གདན་ཞུའི་གན་རྒྱ་འཇོག་རྒྱུ་དང་གདན་ཞུའི་བསྐོ་བཞག་ལག་ཁྱེར་སྤྲོད་རྒྱུ།
དོན་ཚན་ཉི་ཤུ་པ། ཡིག་སྒྱུར་ཆེད་ལས་གོ་མིང་བསྐོ་ཡུན་ནི་སྤྱིར་ན་ལོ་གསུམ་ནས་ལྔ་བར་ཡིན་པ་དང་།
བསྐོ་དུས་འཐིམས་ཀྱང་གལ་ཏེ་ལས་ཀར་དགོས་མཁོ་ཡོད་ན། ཞིབ་དཔྱད་ཚད་ལོན་བྱུང་རྗེས་མུ་མཐུད་གདན་ཞུ་བྱ་རྒྱུ།
དོན་ཚན་ཉེར་གཅིག་པ། ཆེད་ལས་གོ་མིང་འཛིན་པའི་དུས་ཚོད་ནང་དམིགས་བསལ་གྱི་བྱས་རྗེས་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཡོད་མཁན་ཡིན་ཞིང་།
དཔྱད་འདེམ་ཨུ་ཡོན་ལྷན་ཁང་གིས་དཔྱད་ཞིབ་བྱས་པ་དང་རང་སྐྱོང་ལྗོངས་མི་དོན་ཐིང་གིས་ཞིབ་བཤེར་བྱས་པ་བརྒྱུད་དམིགས་བསལ་གནས་སྤར་ཆོག་པའི་གཏན་འབེབས་ཆ་རྐྱེན་ཚང་བ་ཡིན་ན།
དེའི་ཆེད་ལས་ལག་རྩལ་གོ་མིང་དམིགས་བསལ་གནས་སྤར་བྱ་རྒྱུ། ཆེད་ལས་གོ་མིང་འཛིན་ཡུན་ནང་གལ་ཏེ་ད་ཡོད་ལས་གནས་ཀྱི་ལས་གོ་མི་འཕེར་བའམ་ཡང་ན་ཚབས་ཆེའི་ནོར་འཁྲུལ་ཤོར་ནས་གྱོང་གུན་ཤུགས་ཆེ་བཟོས་པ་ཡིན་ན།
དེའི་གདན་ཞུས་གོ་གནས་མཚམས་འཇོག་བྱེད་པའམ་། ཡང་ན་རིམ་པ་དམའ་རུ་གཏོང་བ། ཡང་ན་བསྐོ་དུས་ཕྱིར་འགྱངས་གཏོང་བ་བཅས་བྱས་ན་འགྲིག
ལེའུ་བདུན་པ། ཞིབ་དཔྱད་སྐོར།
དོན་ཚན་ཉེར་གཉིས་པ། ལས་ཁུངས་ཚན་པ་ཁག་གིས་གདན་ཞུས་བསྐོ་བཞག་བྱས་པའི་ཡིག་སྒྱུར་ཆེད་ལས་པ་དེའི་ཆབ་སྲིད་ཀྱི་རྣམ་འགྱུར་དང་།
ལས་སྒོའི་བྱང་ཚད། ལས་ཀའི་སྤྱོད་ཚུལ། ལས་ཀའི་གྲུབ་འབྲས་བཅས་ལ་དུས་ཚོད་གཏན་འཁེལ་གྱིས་ཞིབ་དཔྱད་བྱ་རྒྱུ་དང་།
ཞིབ་དཔྱད་བྱས་འབྲས་རྣམས་ཆེད་ལས་ལག་རྩལ་ལས་བྱེད་པའི་ལས་སྒོའི་ཞིབ་དཔྱད་ཡིག་ཚགས་ནང་བཀོད་རྒྱུ་མ་ཟད།
བྱ་དགའ་གཟེངས་བསྟོད་བྱེད་པ་དང་མུ་མཐུད་གདན་ཞུ་བྱེད་པའི་གཞི་འཛིན་ས་བྱ་རྒྱུ།
དོན་ཚན་ཉེར་གསུམ་པ། ཞིབ་སྲོལ་འདིར་འགྲེལ་བཤད་བྱེད་དབང་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུད་ལ་ཡོད།
རྩོམ་སྒྲིག་པ། སྐྱིད་ལུས།