无障碍阅读 关怀版

ཐོན་མིའི་ཕྱག་རྒྱུན་འབྲི་བྲིས་དཔེ་ཚུགས་གྱི་ངོ་སྤྲོད་རགས་བསྡུས་དང་ཕབ་ལེན་དྲ་གནས།

དུས་ཚོད། 2022-01-12 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཐོན་མིའི་ཕྱག་རྒྱུན་འབྲི་བྲིས་དཔེ་ཚུགས་བོད་ཡིག་ཡིག་མཛོད།

ཡིག་གཟུགས་ངོ་སྤྲོད་རགས་བསྡུས།

འབྲི་བྲིས་དཔེ་ཚུགས་འདི་ཉིད་འབྲི་གུང་གདན་རབས་ཉེར་ལྔ་པ་རྗེ་རིག་འཛིན་ཆོས་ཀྱི་གྲགས་པའི་ཕྱག་རྒྱུན་ཡིན་ཞིང་། ད་བར་ལོ་བཞི་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ལྡན་ཡོད། ཕྱིས་སུ་དུས་རབས་བཅོ་བརྒྱད་པའི་ནང་གྲུབ་པའི་དབང་ཕྱུག་ནོ་ནོ་དཀོན་མཆོག་བསྟན་པ་འབྲི་གུང་པའི་དྲུང་ཚབ་གནང་ཐོག་ཆེད་མངག་ཡི་གེའི་སློབ་གྲྭ་གཉེར་ནས་འབྲི་གུང་པའི་ཕྱག་རྒྱུན་འདི་ཉིད་རྒྱ་ཁྱབ་ཏུ་སོང་ཞིང་ད་བར་མི་ཉམས་པར་མཆིས། དེའི་ཁྱད་ཆོས་སུ་བསྐུངས་ཡིག་ཉུང་ཞིང་། འདོན་བདེ་བའི་ཐོག་རྩ་བའི་རུས་གཟུགས་ནི་ཚུགས་ཆུང་གི་དབྱིབས་གཟུགས་འདྲ་བར་ཡོད་ཀྱང་ལུས་ཀྱི་འཁྱེར་སོ་ཅུང་ཟད་མི་འདྲ་བ་ཡོད་ལ་དེ་ཡང་སྤྱིར་ཡི་གེ་རྣམས་མངོན་གསལ་མེད་པའི་གྲུ་བཞིའི་དབྱིབས་ལ་གསལ་བྱེད་རེ་ཟུང་གྲུ་བཞི་དང་ནར་མོརིལ་རིལ་བཅས་ཡིན་། དྲང་རྐང་རྣམས་བཅད་པའི་ཚུལ་གྱིས་རྐང་ཐུང་དུ་བྱས་པ་དང་ལྡེམ་རྐང་རྣམས་རིལ་ཙམ་ལས་གཡས་སུ་ཤུགས་ཆེ་ཙམ་འཁྱོག་། དབྱངས་རྣམས་ལས་ཨི་དང་ཨེ་གཉིས་དབུ་ཅན་གྱི་དབྱངས་ལྟར་འདྲ་མཚུངས་སུ་ཡོད་ཀྱང་ཞབས་ཀྱུ་སྣེ་ཁ་གཉིས་དང་ན་རོ་དྲང་འཐེན་ཐུང་ཙམ་ཅན་འབྲི་བ་བཅས་ཡོད།

ཡིག་གཟུགས་འདི་ཉིད་མི་ཉམས་གོང་འཕེལ་ཡོང་ཆེད་ལྷ་ས་གྲོང་ཁྱེར་བོད་སྐད་ཨུད་གཞུང་ལས་ཁང་གིས་འོས་སྦྱོར་བྱས་ཤིང་།འབྲི་གུང་དགོན་ནས་མ་དཔེ་ལེགས་གྲས་མཁོ་འདོན་བྱས་པ་དང་། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་ནས་གཙོ་གཉེར་བྱས་པའི་༢༠༢༡ལོའི་ཐོན་མིའི་ཕྱག་རྒྱུན་གློག་རྡུལ་ཡིག་མཛོད་རྣམ་གྲངས་ཁོངས་སུ་བཅུག་ཁར། བོད་བློ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སིའི་ཆེད་ལས་མཁས་དབང་རྣམས་ནས་གློག་རྡུལ་ཡིག་གཟུགས་གསར་སྤེལ་བྱས་པ་དང་། ལྗོངས་ཡིག་མཁན་མཐུན་ཚོགས་ཀྱི་མཁས་དབང་རྒྱལ་མཚན་མཆོག་གིས་གློག་རྡུལ་ཡིག་གཟུགས་སྐྱོན་སེལ་སྣོན་འཕྲི་བྱས་པར་བརྟེན། ཕྱག་རྒྱུན་འདི་ཉིད་དར་ཞིང་འཕེལ་བའི་རེ་བ་འབྲས་སྨིན་ཐུབ་པ་བྱུང་ཡོད།  

ཡིག་གཟུགས་ཕབ་ལེན་གྱི་དྲ་གནས།ཐོན་མིའི་ཕྱག་རྒྱུན__འབྲི་བྲིས་དཔེ་ཚུགས།.zip