无障碍阅读 关怀版

<<བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས>>འགྲེམས་བསྒྲགས་བྱས་ནས་ལོ་10འཁོར་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད།

དུས་ཚོད། 2017-01-01 རྩོམ་པ་པོ རྩོམ་སྒྲིག

ལྕགས་ར་བློ་བཟང་བསྟན་འཛིན།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་བོད་སྐད་ཨུད་ཀྱི་ཀྲུའུ་རེན་གཞོན་པ།

(2012ལོའི་ཟླ་5ཚེས་22ཉིན)

བློ་མཐུན་རྣམ་པ།

དེ་རིང་འདིར<<བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས>>(གཤམ་ལ<<གཏན་འབེབས>>ཞེས་བསྡུ་རྒྱུ)འགྲེམས་བསྒྲགས་བྱས་ནས་ལོ་10འཁོར་བའི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་ཏེ་རང་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་སྤེལ་བའི་ལོ་10འཕེལ་རིམ་ལ་ཐུན་མོང་ཐོག་ཕྱིར་མིག་བལྟ་བ་དང་ཇི་ལྟར་བྱས་ནས་བོད་སྐད་ཡིག་བྱ་གཞག་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་སྐོར་ལ་ཞིབ་འཇུག་གྲོས་བསྡུར་བྱེད་རྒྱུ་རེད། གོང་ནས་བློ་མཐུན་ལིའི་ཅུན་ལུན་གྱིས<<གཏན་འབེབས>>ཁྱབ་བསྒྲགས་བྱས་ནས་ལོ་10སོང་རིང་རང་ལྗོངས་ཀྱི་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱས་ཚུལ་སྙན་སེང་ཞུས་ཏེ་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱོགས་བསྡོམས་དང་དུས་བབ་ཀྱི་ལས་འགན་ལ་དབྱེ་ཞིབ་བྱས་ཡོད། བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་དང་ཚོགས་ཞུགས་འཐུས་མིས་ཚོགས་འདུའི་ཐོག་གནས་ཚུལ་བརྗེ་རེས་ཀྱི་གཏམ་བཤད་དང་བསམ་ཚུལ་དང་མྱོང་ཚོར་མང་པོ་གླེང་སོང་བས་དེ་དག་ཉན་རྗེས་བློ་སྒོ་ཆེན་པོ་ཕྱེ་བྱུང་། གོ་སྐབས་འདི་དང་བསྟུན་ནས་རྒྱ་ཆེའི་བོད་སྐད་ཡིག་ལས་དོན་པ་ཚོར་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་མ་ཟད། བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།

གཤམ་ལ་ངས་བསམ་འཆར་གསུམ་ཞུ་རྒྱུ་སྟེ།

གཅིག འདས་ཟིན་པར་ཕྱིར་མིག་བལྟས་ཏེ<<གཏན་འབེབས>>འགྲེམས་བསྒྲགས་བྱས་ནས་ལོ་10སོང་བའི་ནང་གྲུབ་འབྲས་ཕུལ་སུམ་ཚོགས་པོ་ཐོབ་ཡོད་པ།

2002ལོའི་ཟླ་5ཚེས་22ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག<<གཏན་འབེབས>>ལ་བཟོ་བཅོས་བརྒྱབ་ནས་འགྲེམས་བསྒྲགས་བྱས་པ་དེས་རང་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་དེ་ཁྲིམས་བཞིན་སྲིད་འཛིན་དང་ཁྲིམས་བཞིན་དོ་དམ་བྱེད་པའི་དུས་མཚམས་གསར་པར་བསྐྱོད་པ་མཚོན་ཡོད། ལོ་བཅུའི་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་བར། <<གཏན་འབེབས>>ཁྱབ་བསྒྲགས་ལག་བསྟར་བྱས་པ་དེས་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཚན་རིག་དང་རིག་གནས་ཆུ་ཚད་མཐོ་རུ་གཏོང་རྒྱུ། བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དང་སྤྱི་ཚོགས་ཡར་ཐོན་ཡོང་བ་བྱེད་རྒྱུ། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་རྒྱུ་བཅས་ལ་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་ལ་ལོ་བཅུའི་རིང་<<གཏན་འབེབས>>ལག་བསྟར་དང་དོན་འཁྱོལ་བྱས་པ་བརྒྱུད་རང་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་ལ་རྩ་ཆེའི་ཉམས་མྱོང་བཟང་པོ་གསོག་འཇོག་བྱས་ཡོད་པ་དེའང་གཅིག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གཞུང་མ་ལག་གིས་མཛུབ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་། ཏང་གི་མི་རིགས་སྐད་ཡིག་ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་མཐའ་འཁྱོངས། ཏང་དང་སྲིད་གཞུང་གི་འགོ་ཁྲིད་དང་རྒྱ་ཆེའི་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་དམ་པོར་བརྟེན་དགོས། གཉིས་ནི་བསམ་བློར་བཅིངས་འགྲོལ་དང་བསྒྱུར་བཅོས་གསར་གཏོད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རང་འགུལ་ངང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་དགོས་མཁོ་དང་འཚམ་པ་བྱས་ཏེ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབ་དགོས། གསུམ་ནི་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཚད་ལྡན་བཟོ་བ་དང་ཞབས་ཞུ་སྒྲུབ་རྒྱུ་ཟུང་འབྲེལ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་ཕྱོགས་ཐད་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས། བཞི་ནི་སྲིད་གཞུང་གིས་གཙོ་ཁྲིད་བྱེད་རྒྱུ་དང་། ཁྲིམས་བཞིན་སྲིད་འཛིན་བྱེད་རྒྱུ། ཁྲིམས་བཞིན་དོ་དམ་བྱེད་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ་ཚན་པ་ཁག་གིས་ལས་བགོས་མཉམ་རོགས་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པའི་ལམ་སྲོལ་དང་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ལྔ་ནི་བོད་སྐད་ཡིག་ལས་དོན་པའི་རང་འགུལ་བྱེད་སེམས་དང་གསར་གཏོད་རང་བཞིན་འདོན་སྤེལ་ཧུར་ཐག་གིས་སྤྱི་ཚོགས་ཕྱོགས་གང་ཐད་ཀྱི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ནས་ཇུས་ཤུགས་མཉམ་འདོན་བྱས་ཏེ་བོད་སྐད་ཡིག་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་དགོས་པ་བཅས་ཡིན།

གཉིས། དུས་བབ་སྟངས་འཛིན་གྱིས་བོད་སྐད་ཡིག་ལས་དོན་ཡག་པོ་སྒྲུབ་རྒྱུའི་འགན་འཁྲི་འཁུར་སེམས་དང་ལས་སྐལ་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་དགོས།

བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུ་ནི<<རྩ་ཁྲིམས>>དང་ <<མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས>>ཀྱིས་ང་ཚོར་སྤྲས་པའི་དབང་ཆ་གལ་ཆེན་ཞིག་ཡིན་པས་ང་ཚོས་ངེས་པར་དུ་རྒྱལ་ཁབ་ཀྱི་རིག་གནས་བདེ་འཇགས་སྲུང་སྐྱོང་བྱེད་པའི་མཐོ་ཚད་ལ་དམིགས་ནས་བོད་སྐད་ཡིག་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་ཐུབ་པ་བྱས་ཏེ་བོད་སྐད་ཡིག་ལས་དོན་ཡག་པོ་སྒྲུབ་རྒྱུའི་འགན་འཁྲི་འཁུར་སེམས་དང་། དུས་ལ་གཏུག་སེམས། ལས་སྐལ་སྒྲུབ་སེམས་བཅས་ཤུགས་ཆེར་གཏོང་དགོས།

(གཅིག) དེ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོངས་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བ་བྱེད་རྒྱུ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པའི་དགོས་མཁོ་ཡིན། རང་ལྗོངས་ནི་བོད་རིགས་ཀྱིས་གཙོ་རྐང་བྱེད་པ་དང་མི་རིགས་མང་པོ་འདུས་སྡོད་བྱེད་པའི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་ཞིག་ཡིན་ཞིང་། ལྗོངས་ཡོངས་སུ་མི་འབོར་ཁྲི་300ལྷག་ཙམ་ཡོད་པའི་ནང་བོད་རིགས་མི་འབོར་གྱིས་90%ཡན་བཟུང་ཡོད། བོད་སྐད་ཡིག་ནི་བོད་རིགས་མི་དམངས་དང་འབྲེལ་འདྲིས་བྱེད་པའི་ཡོ་བྱད་གཙོ་བོ་ཞིག་ཡིན་པ་དང་། བོད་རིགས་མི་དམངས་ཀྱི་བརྩེ་སེམས་སྦྲེལ་བའི་གལ་ཆེའི་འབྲེལ་ཐག་ལྟ་བུ་ཞིག་ཡིན་པས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་མཛད་ཇུས་ཤེས་རྟོགས་བྱེད་པའི་གལ་ཆེའི་ཆ་འཕྲིན་སྤེལ་གཞི་ཞིག་ཏུ་གྱུར་ཡོད། དེར་བརྟེན་བོད་སྐད་ཡིག་ལས་དོན་ནི་ཀྲུང་དབྱང་གི་ཇུས་གཞིའི་བཀོད་སྒྲིག་དང་དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོངས་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བའི་བརྒྱུད་རིམ་ནང་ཐུན་མོང་མིན་པའི་དགེ་མཚན་ལྡན་ཡོད་པ་དང་སུས་ཀྱང་ཚབ་བྱེད་ཐབས་མེད་པའི་ནུས་པ་གལ་ཆེན་འདོན་གྱི་ཡོད།

(གཉིས) དེ་ནི་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་དགོས་མཁོ་ཡིན། རང་བྱུང་དང་། སྤྱི་ཚོགས། རང་ངོས་བཅས་ཤེས་རྟོགས་དང་། འཚམ་མཐུན་དང་། བསྒྱུར་བཀོད། གོང་འཕེལ་གཏོང་བ་བཅས་བྱེད་པའི་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་དང་། སྤུན་ཟླའི་མི་རིགས་ཁག་དང་། དེ་བཞིན་ཨེ་ཤ་ཡ་ལྷོ་མ་དང་ནུབ་མའི་མི་རིགས་ཁག་ཅིག་དང་རིག་གནས་སྤེལ་རེས་དང་། འབྲེལ་འདྲིས། ཉམས་ལེན་བཅས་བྱེད་པའི་བརྒྱུད་རིམ་ནང་བོད་རིགས་སྔོན་བྱོན་མེས་པོ་ཚོས་ནང་དོན་ཕུལ་སུམ་ཚོགས་པ་དང་། ཁྱད་ཆོས་མངོན་གསལ་དོད་པ། རྣམ་པ་འདྲ་མིན་བཅས་ཀྱི་འོད་སྟོང་འཕྲོ་བའི་རིག་གནས་གཏོད་ཡོད་ཅིང་། སྲོལ་རྒྱུན་གྱི་ཕུལ་བྱུང་མི་རིགས་རིག་གནས་དེ་དག་ད་བར་རྒྱུན་འཛིན་དང་གོང་འཕེལ་སོང་བ་ནི་བོད་སྐད་ཡིག་གི་གཞི་རྟེན་གལ་ཆེན་འདི་དང་ཁ་བྲལ་ཐབས་མེད་པ་སྨྲོས་མེད་རེད་ལ་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱས་པ་དེས་ཏྰ་ལའི་རུ་ཚོགས་ཀྱིས“བོད་ཀྱི་རིག་གནས་རྩ་མེད་བཟོ་བ”ཟེར་བར་དེར་རྒོལ་ལན་ནུས་ལྡན་སློག་ཐུབ་པ་བྱུང་ཡོད།

(གསུམ) དེ་ནི་མིག་སྔའི་མངོན་ཆེའི་གནད་དོན་ཐག་གཅོད་བྱེད་པའི་དགོས་མཁོ་ཡིན། རང་ལྗོངས་ཀྱི་བོད་སྐད་ཡིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཕྱོགས་མཚུངས་དུས་བབ་གསར་པ་དང་ལས་འགན་གསར་པ་དང་བསྡུར་ན་ད་དུང་གནད་དོན་ཁག་གཅིག་ལྷགས་བསྡད་ཡོད་པ་དེ་ང་ཚོས་ངེས་པར་དུ་ཤེས་རྟོགས་གསལ་པོ་བྱེད་དགོས། གནད་དོན་མངོན་ཚུལ་གཙོ་བོ་ནི་བོད་སྐད་ཡིག་བཀས་བཅད་དང་། ཚད་ལྡན། ཆ་འཕྲིན་བཅས་སུ་འཛུགས་སྐྲུན་བྱེད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད་པ་དང་། བོད་སྐད་ཡིག་ལས་དོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་ཀྱི་ཡོད་པ། ཞབས་ཞུའི་འགན་ལེན་ལམ་སྲོལ་སྔར་བས་ཚགས་ཚུད་དུ་གཏོང་དགོས་ཀྱི་ཡོད་པ། དོ་དམ་བྱེད་ཐབས་སྔར་བས་ལེགས་སྒྲིག་དང་ཁ་སྐོང་བྱེད་དགོས་ཀྱི་ཡོད་པ་བཅས་ཡིན། དེ་ཐོག་ནས་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་། ལྟ་སྟངས་གཅིག་སྒྲིལ། ཞིབ་འཇུག་གཏིང་ཟབ་བཅས་བྱས་ནས་མིག་སྔར་ལྷགས་བསྡད་པའི་གནད་དོན་གཙོ་བོ་རྣམས་ཐག་གཅོད་གང་ལེགས་བྱས་ཏེ་བོད་སྐད་ཡིག་ལས་དོན་དེ་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་འཛེགས་རྒྱུར་སྐུལ་འདེད་གཏོང་དགོས།

གསུམ། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འཆར་བཀོད་དེ་བོད་སྐད་ཡིག་བྱ་གཞག་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་འགྲོ་བའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།

གོ་བདེ་ཞིང་རྟོགས་སླ་བ་དང་བརྒྱུད་སྤེལ་བྱེད་བདེ་ཡོང་བ་བྱེད་རྒྱུ་ནི་སྐད་ཡིག་གི་ཚེ་སྲོག་ལྟ་བུ་ཡིན་པ་དང་། བཀས་བཅད་དང་བེད་སྤྱོད་བྱེད་རྒྱུ་ནི་སྐད་ཡིག་ལས་དོན་གྱི་རྨང་གཞི་ཡིན་པས་རེ་བར་ལྗོངས་ཡོངས་ཀྱི་བོད་སྐད་ཡིག(རྩོམ་སྒྱུར)ལས་དོན་སྡེ་ཚན་གྱིས<<གཏན་འབེབས>>ཁྱབ་བསྒྲགས་བྱས་ནས་ལོ་10འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་སོ་སོའི་འགན་འཁྲི་འདོན་སྤེལ་གང་ལེགས་བྱེད་པ་དང་ནུས་ཤུགས་ཡོད་རྒུས་ལས་ཕྱོད་ཆེ་རུ་བཏང་སྟེ་ཧུར་བརྩོན་རང་འགུལ་ཡོད་པ་དང་བྱས་རྗེས་ཡོད་པའི་ཐོག་ནས་རང་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་དེ་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།

(གཅིག) ཁྲིམས་ལུགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲིམས་བཞིན་སྲིད་འཛིན་བྱེད་ནུས་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས། ཁྲིམས་བཞིན་སྲིད་འཛིན་བྱེད་རྒྱུ་ནི་སྐད་ཡིག་ལས་དོན་སྤེལ་རྒྱུའི་འགན་སྲུང་ཡིན། <<གཏན་འབེབས>>ལ་བཟོ་བཅོས་རྒྱག་རྒྱུའི་ལས་དོན་དམ་འཛིན་ཡག་པོ་བྱེད་པ་དང་ཁྲིམས་སྒྱུར་ལམ་སྲོལ་ཞིབ་འཇུག་དང་འཚོལ་ཞིབ་གཙོ་གནད་དུ་བྱས་ནས་བོད་སྐད་ཡིག་ལས་དོན་ལ་གཞི་འཛིན་སའི་ཁྲིམས་ཡོད་པ་དང་། བརྩི་སྲུང་བྱ་སའི་སྒྲིག་སྲོལ་ཡོད་པ། ཁྲིམས་ལྟར་དོ་དམ་བྱེད་པ་བཅས་སྔར་བས་ཐུབ་པ་བྱེད་དགོས། ཧུར་བརྩོན་རང་འགུལ་གྱི་ཐོག་ནས་ཁྲིམས་སྒྱུར་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བོད་སྐད་ཡིག་ལས་དོན་གྱི་ཁྲིམས་སྒྱུར་ཆུ་ཚད་མཐོ་རུ་ཟམ་མི་ཆད་པ་བཏང་ནས་ཁྲིམས་ལུགས་གཞིར་བཟུང་སྟེ་སྤྱི་ཚོགས་ཐོག་གི་བོད་ཡིག་སྤྱོད་རྒྱུར་ལྟ་སྐུལ་ཤུགས་ཆེན་བྱས་ནས་དུས་ཐོག་ཏུ་བོད་སྐད་ཡིག་ཐད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་རིགས་ཡོ་བསྲང་བྱས་ཏེ་བོད་སྐད་ཡིག་ལས་དོན་དེ་ཁྲིམས་ལུགས་ཅན་དུ་སྒྱུར་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་གཏོང་དགོས།

(གཉིས) བྱ་ཐབས་ཧུར་ཐག་སྤྱད་དེ་གཞི་རིམ་ལས་བྱེད་པ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི“སྐད་གཉིས”སློབ་སྦྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། “སྐད་གཉིས”ཤེས་རྟོགས་དང་བེད་སྤྱོད་བྱེད་རྒྱུ་ནི་དུས་བབ་གསར་པའི་འོག་གཞི་རིམ་ལས་བྱེད་པར་འཛོམས་དགོས་པའི་གཞི་རྩའི་བྱང་ཚད་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་ཕན་ཚུན་གནས་ཚུལ་སྤེལ་རེས་བྱེད་པར་ཤུགས་སྣོན་རྒྱག་པའི་དགོས་ངེས་ཀྱི་རྟེན་ས་ཞིག་ཡིན། མིག་སྔར་རང་ལྗོངས་འདི་མཆོངས་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བའི་འགག་རྩའི་དུས་སྐབས་སུ་གནས་ཡོད་ཅིང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུ་དང་ཞི་མཐུན་གྱི་སྤྱི་ཚོགས་སྐྲུན་རྒྱུར“སྐད་གཉིས”ཀྱི་ཤེས་ལྡན་པ་འབོར་ཆེན་དགོས་ཀྱི་ཡོད། རིམ་ཁག་སྡེ་ཚན་ཁག་གིས་སྲིད་གཞུང་ནས་གཙོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་འབྲེལ་ཡོད་སྲིད་ཇུས་ཚགས་ཚུད་དུ་གཏོང་བ་དང་། ནོར་སྲིད་ནས་གཏོང་ཆ་མང་དུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱིས་ཐེ་ཞུགས་བྱེད་རྒྱུར་སྐུལ་ལྕག་གཏོང་བ། ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་ཐབས་ལམ་རྒྱ་ཆེར་གཏོད་པ་བཅས་བྱས་ནས“སྐད་གཉིས”སློབ་སྦྱོང་བྱེད་པའི་གཙོ་གནད་དེ་གཞི་རིམ་དང་ཞིང་འབྲོག་ཁུལ་དུ་འཇོག་དགོས། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་“སྐད་གཉིས”སློབ་སྦྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུའི་འབད་བརྩོན་བྱེད་དགོས། བོད་སྐད་ཡིག་ལས་དོན་སྡེ་ཚན་གྱི་ཕྱོགས་བསྡུས་མཐུན་སྦྱོར་འགན་ནུས་འདོན་སྤེལ་གྱིས་འབྲེལ་ཡོད་ཚན་པ་ཁག་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་དྲིལ་བསྒྲགས་དང་། སློབ་གཞི་རྩོམ་སྒྲིག དགེ་རྒན་ལ་སྦྱོང་བརྡར། ཕན་འབྲས་ལ་དཔྱད་ཞིབ་བཅས་བྱེད་པའི་ལས་ཀའི་ལྷུ་ཚིགས་ཁག་ཡག་པོ་བསྒྲུབས་ནས་སློབ་སྦྱོང་གི་ཕན་འབྲས་ཐོན་ཐུབ་པའི་འགན་ལེན་བྱས་ཐོག མི་རིགས་ཁག་གི་མང་ཚོགས་སློབ་སྦྱོང་བྱེད་པའི་རེ་བ་སྐོང་ནས་རང་ལྗོངས་ཀྱི“སྐད་གཉིས”སློབ་སྦྱོང་བྱེད་རྒྱུ་དེ་ཆུ་ཚད་གསར་པ་ཞིག་ཏུ་བསླེབ་ཐུབ་པའི་འབད་བརྩོན་བྱེད་དགོས།

(གསུམ) བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུར་ཤུགས་བརྒྱབ་ནས་བོད་སྐད་ཡིག་ཡང་དག་དང་།  ཚད་ལྡན། ཆ་འཕྲིན་བཅས་སུ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། བོད་སྐད་ཡིག་བཀས་བཅད་དང་། ཚད་ལྡན། ཆ་འཕྲིན་བཅས་སུ་སྒྱུར་རྒྱུ་དེ་རིག་གནས་དར་རྒྱས་སོང་བའི་མཚོན་ཚུལ་གྱི་གྲས་ཤིག་ཡིན་ལ་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བེད་སྤྱོད་དང་། ཕུལ་བྱུང་གི་མི་རིགས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དར་རྒྱས། ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བཅས་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཀྱང་ཡིན། བོད་སྐད་ཡིག་གི་ཚན་ཞིབ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཚན་ཞིབ་ཚན་པ་དང་། ཆེད་ཚན་སློབ་ཆེན། རིགས་གཅིག་མཁས་དབང་བཅས་ནས་བོད་སྐད་ཡིག་ལས་དོན་གྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་ཉེར་སྤྱོད་གནད་དོན་ལ་ཞིབ་འཇུག་བྱེད་རྒྱུར་སྒྲིག་འཛུགས་དང་རྒྱབ་སྐྱོར་བྱེད་དགོས། འབྲེལ་ཡོད་ཞིང་ལྗོངས་དང་མཉམ་ལས་མཐུན་སྦྱོར་བྱས་ནས་བོད་རྒྱའི་ཐ་སྙད་གསར་པ་ཕབ་སྒྱུར་ཞིབ་ཞུས་དང་བོད་ཀྱི་སྤྱི་སྐད་གཏན་འབེབས་བྱེད་རྒྱུ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། བོད་ཡིག་གཉེན་ཆས་ཞིབ་འཇུག་གསར་སྤེལ་དང་རིམ་སྤར་ཚགས་ཚུད་བཟོ་བའི་ལས་དོན་ཧུར་ཐག་སྤེལ་ནས་བོད་ཡིག་གི་གཉེན་ཆས་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྔར་ལས་ལྷག་པའི་སྒོ་ནས་བོད་ཡིག་གཉེན་ཆས་ཀྱི་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱས་ཐོག སྤྱི་ཚོགས་ཕྱོགས་ཁག་གི་དཔལ་འབྱོར་དང་། རིག་གནས། སློབ་གསོ་སོགས་ཀྱི་དགོས་མཁོ་སྐོང་ནས་བོད་སྐད་ཡིག་གི་ཆ་འཕྲིན་ཐོན་ལས་ཀྱི་སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

(བཞི) ལས་སྒོའི་འཇོན་ཐང་ཆེ་རུ་བཏང་སྟེ་ཕྱོགས་ཡོངས་ནས་ཡིག་སྒྱུར་ལས་དོན་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཡིག་སྒྱུར་ནི་བོད་སྐད་ཡིག་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཡིན་ལ་མི་རིགས་ཀྱི་ལས་དོན་ཧྲིལ་པོའི་གྲུབ་ཆའི་ཆ་ཤས་གལ་ཆེན་ཞིག་དང་། ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ཁག་གི་མི་དམངས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་ལྟ་བུ་ཞིག ཞི་མཐུན་གྱི་སྤྱི་ཚོགས་སྐྲུན་རྒྱུའི་གལ་ཆེའི་ལག་ཆ་ཞིག་བཅས་ཀྱང་ཡིན། ཡིག་སྒྱུར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཡིག་སྒྱུར་ལས་དོན་གྱི་དམིགས་ཚད་ལས་འགན་ཁ་གསལ་གཏན་འཁེལ་བཟོས་ནས་གཞི་རིམ་མི་རིགས་ཁག་གི་མང་ཚོགས་ལ་ཆབ་སྲིད་དང་། དཔལ་འབྱོར། ཚན་རྩལ། རིག་གནས། སློབ་གསོ་སོགས་ཀྱི་ཆ་འཕྲིན་ཤེས་སྟོགས་བྱ་རྒྱུའི་དགོས་མཁོ་སྐོང་སྟེ་ཏང་གི་མཛད་ཕྱོགས་སྲིད་ཇུས་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཇུས་བཀོད་རྣམས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཧ་གོ་དོན་རྟོགས་ཐུབ་པ་ཞིག་ཏུ་གྱུར་བ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཞབས་ཞུ་ཏན་ཏིག་སྒྲུབ་ཐུབ་པ་བྱེད་དགོས། ཡིག་སྒྱུར་ལས་དོན་པའི་ལག་རྩལ་གོ་མིང་དཔྱད་འདེམ་བསྐོ་བཞག་གི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་དཔྱད་འདེམ་ཀྱི་ཆ་རྐྱེན་དང་ཚད་བཀག་རིགས་གང་འཚམ་ལྷུག་གློད་ཀྱིས་གཞི་རིམ་ལ་འཁྱོགས་གང་ཐུབ་བྱེད་དགོས། ཡིག་སྒྱུར་ལས་དོན་པ་གསོ་སྐྱོང་དང་སྦྱོང་བརྡར་སྤྲོས་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཡིག་སྒྱུར་ལས་དོན་དཔུང་ཁག་གི་བྱང་ཚད་མཐོ་རུ་དང་འཇོན་ཐང་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

(ལྔ) རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བོད་སྐད་ཡིག་ལས་དོན་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་ཡོང་བའི་འགན་ལེན་བྱེད་དགོས། བོད་སྐད་ཡིག་གི་ལས་དོན་ནི་ཆབ་སྲིད་རང་བཞིན་དང་། བཅའ་ཁྲིམས་རང་བཞིན། སྲིད་ཇུས་རང་བཞིན། སྤྱི་ཚོགས་རང་བཞིན། མང་ཚོགས་རང་བཞིན་བཅས་ཧ་ཅང་ཤུགས་ཆེ་ལྡན་པའི་ལས་དོན་ཞིག་རེད། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་བོད་སྐད་ཡིག་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་རྒྱུ་སྔར་བས་ཆེ་རུ་བཏང་སྟེ་ཁྲིམས་ལུགས་གཞིར་བཟུང་བོད་སྐད་ཡིག་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་བོད་སྐད་ཡིག་ལས་དོན་དེ་གལ་ཆེའི་ལས་དོན་གྲོས་སྒྲུབ་འཆར་གཞིའི་ཁྲོད་དུ་འཇུག་པ་དང་དེ་བས་མངོན་ཆེའི་གོ་གནས་ཐོག་བཞག་སྟེ་གཅིག་གྱུར་ཐོག་བཀོད་སྒྲིག་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པ། སྐུལ་སྤེལ་ཏན་ཏིག་གཏོང་བ་བཅས་བྱས་ནས་འགན་འཁུར་མཁན་བློ་མཐུན་གཙོ་བོས་བོད་སྐད་ཡིག་ལས་དོན་ལ་སེམས་ཁུར་འདྲི་རྩད་བྱེད་པ་དང་གལ་ཆེའི་གནད་དོན་རིགས་མཐུན་སྦྱོར་ཐག་གཅོད་བྱས་ཏེ་རང་ལྗོངས་ཀྱི་བོད་སྐད་ཡིག་བྱ་གཞག་ལ་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བ་བྱེད་དགོས།

བློ་མཐུན་རྣམ་པ། ལོ་བཅུར་འབད་བརྩོན་བྱས་ནས་སྲ་ཞིང་བརྟན་པའི་རྨང་གཞི་གཏིང་ཡོད་ཅིང་། འགོ་འཛུགས་ས་གསར་པའི་ཐོག་ནས་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པའི་རེ་སྒུག་བྱེད། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་འགོ་ཁྲིད་འོག་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཚད་མཐོའི་བྱ་གཞག་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་གོ་སྐབས་དམ་འཛིན་དང་འབད་འཐབ་ཡར་བརྩོན་གྱིས་རང་ལྗོངས་ཀྱི་བོད་སྐད་ཡིག་བྱ་གཞག་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་འགྲོ་བའི་ལེའུ་གསར་པ་བརྩམས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱེད་རྒྱུར་བསུ་བ་ཞུ་དགོས།

ཡིག་སྒྱུར་བ།  མིག་དམར་ཕན་ཐོགས།

རྩོམ་སྒྲིག་པ།  སྐྱིད་ལུས།