བོད་རང་སྐྱོང་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་སྒྲོན།
དངོས་དོན་འབད་སྒྲུབ་དང་། ལམ་བཤངས་གསར་གཏོད་ཀྱི་སྒོ་ནས་
བོད་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ལས་ཀའི་
རྣམ་པ་གསར་པ་ཞིག་ཧུར་ཐག་གཏོད།

དེ་སྔའི་བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཀྱི་ཏང་ཙུའི་ཧྲུའུ་ཅི་དང་། ཅུད་ཀྲང་།
རང་སྐྱོང་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་
ཚེ་དབང་དཔལ་འབྱོར།
(༢༠༡༣ལོའི་ཟླ་༥པའི་ཚེས་༨ཉིན)
དབུ་ཁྲིད་དང་འཐུས་མི་ལྷན་རྒྱས།
ད་ལྟ་ངས་བོད་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ཚོགས་འདུར་ལས་དོན་སྙན་སྒྲོན་སྤེལ་རྒྱུ་ཡིན་པས་འཐུས་མི་རྣམ་པས་གྲོས་ཞིབ་གནང་རོགས།
དང་པོ།
བསྒྲུབས་ཚར་བའི་ལས་ཀར་དྲན་གསོ་བྱས།
༢༠༠༦ལོའི་བོད་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྤེལ་ཚུན།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་།
རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཀྱི་ཐད་ཀའི་འགོ་ཁྲིད།
དེ་བཞིན་རང་སྐྱོང་ལྗོངས་དམངས་ཁྲོད་སྒྲིག་འཛུགས་དོ་དམ་ཅུད་ཀྱི་ལྟ་སྐུལ་དོ་དམ་བཅས་ཀྱི་འོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་།
“མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བས་མཛུབ་སྟོན་གྱིས་རྒྱ་ཆེའི་ཡིག་སྒྱུར་པ་རྣམས་མཐུན་སྒྲིལ་གྱི་སྒོ་ནས་སྣེ་ཁྲིད་བྱས་ཐོག“ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་སྲུང་བཞི”ཡི་དུས་རབས་གསར་པའི་བོད་ལྗོངས་གསར་པའི་ལས་ཀའི་ཁ་ཕྱོགས་ལ་གཞིགས་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་།
ལས་རིགས་ཀྱི་ཀུན་སྤྱོད་ནན་སྲུང་། ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོང་། ཕྱི་ཕྱོགས་སུ་འབྲེལ་བ་ཆེར་གཏོད།
དངོས་དོན་འབད་སྒྲུབ་དང་།
ལམ་བཤངས་གསར་གཏོད་བཅས་བྱས་སྟབས་མཐུན་ཚོགས་ཀྱི་ལས་ཀར་གྲུབ་འབྲས་གསར་པ་ཐོབ་པ་དང་།
བྱེད་སྒོར་རྣམ་པ་གསར་པ་ཐོན་པ།
མཐུན་ཚོགས་ཀྱི་ཤུགས་རྐྱེན་ཆེ་རུ་འགྲོ་བ་བཅས་ཀྱིས་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
(གཅིག)
ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཐོག་ནས་གོང་འཕེལ་དང་བརྟན་ལྷིང་འཕྲོད་མཐུན་ཚོགས་ཀྱི་བརྗེ་ཐབས་བྲལ་བའི་ནུས་པ་གང་ལེགས་བཏོན་ཡོད།
ཉེ་ལམ་ལོ་ཤས་རིང་།
རྒྱ་ཆེའི་ཡིག་སྒྱུར་ལས་བྱེད་པས་གོང་འཕེལ་ནི་ལས་འགན་ཨང་དང་པོ་དང་།
བརྟན་ལྷིང་ནི་འགན་འཁྲི་ཨང་དང་པོ་ཡིན་པའི་བསམ་བློ་བརྟན་པོ་བཙུགས་ཐོག
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་ཀར་དམ་པོར་དམིགས་ཏེ་ཏང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་དང་།
བརྟན་ལྷིང་སྲུང་སྐྱོང་། ཚན་རིག་རིག་གནས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ཁར།
བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་བརྒྱུད་འཛིན་དང་ཁྱབ་སྤེལ་བཏང་ནས་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད།
༢༠༠༨ལོའི་༣.༡༤དོན་རྐྱེན་བྱུང་རྗེས།
བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མཛུབ་སྟོན་དགོངས་པ་རབ་དང་རིམ་པ་དོན་འཁྱོལ་བྱེད་ཆེད།
རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དང་། བོད་ལྗོངས་ལོ་ཙྰ་བའི་མཐུན་ཚོགས།
བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སོགས་སྡེ་ཚན་ཁག་བརྒྱད་ཀྱིས་དུས་ཐོག་ཏུ་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ཏྰ་ལ་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་ཉེས་གསོག་བྱ་སྤྱོད་ལ་རྒོལ་རྡུང་དྲག་པོ་བཏང་ཐོག<<ལྷ་སའི་༣.༡༤དོན་རྐྱེན་དངོས>>དང་། <<ལོ་རྒྱུས་ཀྱི་དཔང་རྟགས>><<དྲང་གཏམ>>སོགས་ཡིག་ཆ་རབ་དང་རིམ་པ་ཡིག་སྒྱུར་པར་སྐྲུན་ཟིན་ཅིང་།
ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མཛད་ཕྱོགས་བཀོད་སྒྲིག་ལག་ལེན་ངོ་མའི་ཐོག་ནས་བརྩི་བཀུར་སྒོ་ཀུན་ནས་ཞུས་ཏེ།
མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་བྱས་ཐོག
ཁ་ཕྲལ་རིང་ལུགས་པ་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཡོད།
དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་དང་།
སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་བ་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་གནང་བའི་གལ་ཆེ་མཛད་ཕྱོགས་བཀོད་སྒྲིག་ཅིག་ཡིན་པ་དང་།
རང་ལྗོངས་ཀྱི་རིམ་ཁག་ཡིག་སྒྱུར་སྡེ་ཚན་ཙམ་མ་ཟད་ལྗོངས་ཡོངས་ཀྱི་མཐུན་ཚོགས་ཁོངས་གཏོགས་ཀྱི་སྡེ་ཚན་དང་ཡིག་སྒྱུར་ལས་བྱེད་པས་དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ཡིག་སྒྱུར་ལས་འགན་འབོར་ཆེན་ཞིག་འགན་ལེན་བྱས་པ་མ་ཟད།
གྲྭ་བཙུན་ལ་ངོ་གཏུག་སློབ་གསོ་རྒྱག་རྒྱུའི་ནང་བཞུགས་ཡོད། བསྡོམས་རྩིས་ལྟར་ན། ༢༠༠༨ལོའི་ལྗོངས་ཡོངས་ཀྱི་རིམ་ཁག་ཡིག་སྒྱུར་སྡེ་ཚན་གྱིས་དགོན་སྡེའི་དྲིལ་བསྒྲགས་ཡིག་ཆ་སྒྱུར་ཚད་ཡིག་འབྲུ་ཁྲི་༧༠ལྷག་ཙམ་ཟིན་ཡོད།
དུས་མཚུངས་རྨང་བརྟན་དམངས་ཕན་བྱེད་སྒོའི་དྲིལ་བསྒྲགས་སློབ་གསོའི་ཡིག་ཆའི་ཡིག་སྒྱུར་ལས་ཀ་ཡང་འབོར་ཆེན་པོ་ཞིག་བླངས་ཡོད་པས་བོད་ཡིག་ཡིག་སྒྱུར་གྱི་འབྲེལ་ཟམ་ནུས་པ་ཧུར་ཐག་བཏོན་ཁར།
ཏང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་།
མང་ཚོགས་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་བཏང་བ། གཞི་རིམ་གྱི་སྒྲིག་འཛུགས་སྲ་བརྟན་དུ་བཏང་བ་བཅས་ལ་གལ་ཆེའི་ནུས་པ་བཏོན་ཡོད།
(གཉིས) དགེ་སྟོབས་མངོན་འདོན་བྱས་ཏེ་ཁོངས་གཏོགས་སྡེ་ཚན་གྱི་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་ཀར་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་པ།
རང་སྐྱོང་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ཁོངས་གཏོགས་སྡེ་ཚན་ནི་བོད་ཡིག་ཡིག་སྒྱུར་བྱ་གཞག་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་གལ་ཆེའི་སྟོབས་ཤུགས་ཤིག་ཡིན།
ཉེ་ལམ་ལོ་ཤས་རིང་། རིམ་ཁག་བོད་སྐད་ཡིག་རྩོམ་སྒྱུར་སྡེ་ཚན་དང་མཐུན་ཚོགས་ཁོངས་གཏོགས་ཀྱི་སྡེ་ཚན་གྱིས་རང་ངོས་ཀྱི་ཁྱད་ཆོས་དང་དགེ་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་ཚད་ཤུགས་ཆེར་བཏང་བས་རང་ལྗོངས་ཀྱི་བོད་སྐད་ཡིག་བྱ་གཞག་གོང་འཕེལ་གཏོང་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
གཅིག་ནི་ཚོགས་འདུ་ཆེ་གྲས་ཀྱི་ཡིག་ཆ་བོད་རྒྱ་ཡིག་རིགས་གཉིས་སུ་སྤྱད་པ།
རང་སྐྱོང་ལྗོངས་ཏང་ཨུད་དང་། དམངས་འཐུས། སྲིད་གཞུང་།
སྲིད་གྲོས་བཅས་ཀྱི་ཚོགས་འདུ་ཆེ་གྲས་སམ་གལ་ཆེ་ཚོགས་འདུའི་ཡིག་ཆ་བོད་རྒྱ་ཡིག་རིགས་གཉིས་ཡོད་པས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེན་དགོངས་དོན་དེ་དག་རྒྱ་ཆེའི་མང་ཚོགས་ཁྲོད་དྲིལ་བསྒྲགས་ཐུབ་པ་འགན་ལེན་བྱས་ཡོད།
གཉིས་ནི་གསར་འགྱུར་བརྙན་སྦྱོར་ཚན་པས་བོད་སྐད་ཡིག་ཁྱབ་ཆེན་པོའི་སྒོ་ནས་སྤྱད་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་བོད་ཡིག་ཚགས་པར་ཡག་པོ་གཉེར་བས་ད་ཡོད<<བོད་ལྗོངས་ཉིན་རེའི་ཚགས་པར>>དང་། <<བོད་ལྗོངས་ཁྲིམས་ལུགས་ཚགས་པར>><<མཐོ་སྒང་གྲོང་གསེར་གསར་པ>><<མི་དམངས་ཚགས་པར>> <<ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་རྒྱ>>བཅས་བརྙན་སྦྱོར་རིགས༥ཙམ་ཡོད་པ་དང་ལོ་རེར་ཡིག་སྒྱུར་བྱེད་ཚད་བསྡོམས་ཡིག་འབྲུ་ཁྲི་༡༠༠༠ཙམ་ཟིན་པ།
བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་བོད་ཡིག་ལེ་ཚན་བཟོ་བསྟེན་དམ་འཛིན་བྱས་ནས་གསར་འགྱུར་དང་།
ཞབས་ཞུའི་ལེ་ཚན། དེ་བཞིན་གློག་བརྙན་སྒྱུར་བཟོ་ཕུད།
བོད་སྐད་ཆེད་སྒྲིག་ལེ་ཚན་དུས་ཐོག་ཏུ་བསྟེན་སྟབས།
རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་ཡོད།
བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་རྒྱལ་ཕྱི་རྒྱལ་ནང་གི་བོད་ཡིག་ལེ་ཚན་དང་རིག་རྩལ་ཆེད་དོན་ལེ་ཚན་ཡོངས་རྫོགས་ལེ་ཚན་གཙོ་སྐྱོང་པས་གཙོ་སྐྱོང་བྱེད་པའི་རྣམ་པ་ལྡན་ཞིང་།
བོད་ཡིག་སྒྲིག་གཏོང་མ་ལག་གིས་ལེ་ཚན་གྱི་ཚན་བྱང་མངོན་གྱུར་བྱུང་ཐོག
བསྡུ་སྒྲིག་སྒྱུར་གཏོང་གི་བརྒྱུད་རིམ་བཞི་གཞི་གཅིག་ཏུ་བསྒྲིལ་ཡོད།
གསུམ་ནི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་སྒྱུར་དང་ཁྲིམས་ལུགས་དྲིལ་བསྒྲགས་སོགས་ཀྱི་ལས་ཀའི་ནང་བོད་སྐད་ཡིག་སྤྱོད་རྒྱུར་མཐོང་ཆེན་བྱས་ཡོད།
བོད་ཡིག་ནས་བྲིས་པའི་ཡིག་འབུལ་ཞུ་བཅར་རམ་། དག་སེལ་ཞུ་འབུལ། ཞུ་གཏུགས།
ཉེས་འདོན་བཅས་རྒྱ་ཡིག་དང་འདྲ་བར་བདག་སྤྲོད་བྱེད་ཀྱི་ཡོད། ལན་འདེབས་ཡང་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་འབྲི་གི་ཡོད་ཅིང་།
ལས་སྒོའི་འབྲེལ་ཡོད་ཀྱི་ཁྲིམས་ཡིག་དེ་དག་ཀྱང་བོད་ཡིག་ཏུ་བསྒྱུར་ཡོད།
བཞི་ནི་སློབ་གསོ་དང་། ཞིང་འབྲོག
ཚན་རྩལ་སོགས་སྡེ་ཚན་གྱིས་བོད་ཡིག་སྤྱོད་ཤུགས་ཆེ་རུ་བཏང་ཡོད།
སློབ་གསོ་རྩོམ་སྒྱུར་ལྟེ་གནས་ཀྱི་ལོ་དགུའི་འགན་འབབ་སློབ་གསོའི་ཚད་གཞིའི་སློབ་ཚན་ཁག་གི་སློབ་དེབ་དང་སློབ་གཞི་དཀྱུས་མའི་ཚད་གཞིའི་སློབ་ཚན་ཁག་གི་སློབ་དེབ་གི་རྩོམ་སྒྱུར་ལས་འགན་ལེགས་སྒྲུབ་ཟིན་པ་དང་།
ལེགས་སྒྲུབ་ཟིན་པའི་སློབ་ཚན་ཁག་གི་སློབ་དེབ་རིགས་༣༢༠ཟིན་པ།
ཡིག་སྒྱུར་བྱས་པའི་སློབ་དེབ་རིགས་༢༠༠ཟིན་པ།
ལོ་རེར་ཡིག་སྒྱུར་བྱེད་ཚད་བསྡོམས་ཡིག་འབྲུ་ཁྲི་༤༠༠ལྷག་ཙམ་ཟིན་ཡོད།
ཞིང་འབྲོག་སྡེ་ཚན་གྱིས<<བོད་ལྗོངས་ཞིང་འབྲོག>>གི་བོད་ཡིག་པར་མ་བཏོན་ཡོད།
ཚན་རྩལ་སྡེ་ཚན་གྱིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཚན་རིག་གི་སྒོ་ནས་གསོ་འདེབས་དང་ན་ཚ་སྔོན་འགོག་སོགས་བེད་སྤྱོད་ཆེ་བའི་ཚན་རྩལ་ཤེས་བྱ་བརྒྱུད་བསྒྲགས་དང་།
རིགས་འདྲ་མིན་གྱི་ཚན་རྩལ་ཁྱབ་གདལ་གཏོང་བའི་དཔེ་དེབ་རིགས་༡༠༨རྩོམ་སྒྱུར་བྱས་པ་དང་སྦྲགས།
བོད་ཡིག་གི<<བོད་ལྗོངས་ཚན་རྩལ་ཚགས་པར>>བཏོན་ཡོད།
ལྔ་ནི་རིག་གནས་དང་པར་སྐྲུན་ཚན་པས་བོད་ཡིག་སྤྱོད་རྒྱུར་མཐོང་ཆེན་བྱས་པ།
ལྗོངས་ཡོངས་སུ་རིག་རྩལ་ལས་བྱེད་པ་༡༥༠༠ནང་བོད་རིགས་རྒྱ་ཆ་༩༧ཟིན་པ་དང་།
རིགས་འདྲ་མིན་གྱི་རིག་རྩལ་ཚོགས་པ་༥༠༠ལ་ཉེ་བ་ཟིན་ཡོད། བོད་ཡིག་རྩོམ་རིག་རིག་རྩལ་དུས་དེབ་རིགས་༥ལ་འཕེལ་རྒྱས་བྱུང་ཡོད་ཅིང་།
བོད་ཡིག་གི་བརྩམས་སྒྲུང་རིང་གྲས་དང་རྩོམ་རིག་གསར་མ་དེབ་གྲངས་༦༠༠ཙམ་ཟིན་ཡོད།
དེ་མིན་སྦྲག་སྲིད་དང་། འཕྲིན་གཏོང་། འགྲིམ་འགྲུལ།
དངུལ་རྩ་སོགས་ཀྱི་ཁྱབ་ཁོངས་ནང་བོད་ཡིག་སྤྱོད་རྒྱ་ཆེན་པོ་ཡོད་པས་བོད་སྐད་ཡིག་གིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ཡོད།
(གསུམ) ཞིབ་འཇུག་གཏིང་ཟབ་དང་འབྲེལ་བ་རྒྱ་ཆེར་བཏོད་དེ་ཡིག་སྒྱུར་གྱི་རིག་གཞུང་སྤེལ་རེས་ལས་ཀའི་རྣམ་པར་འགྱུར་ལྡོག་གསར་པ་བྱུང་བ།
གཅིག་ནི་ཡིག་སྒྱུར་རིག་གཞུང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ།
༢༠༠༦ལོའི་ཚུན་དུ།
བོད་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱིས་ཡིག་སྒྱུར་སྡེ་ཚན་ཁག་དང་དེ་བཞིན་རིམ་ཁག་ལས་རིགས་ཁག་གི་ཡིག་སྒྱུར་མི་སྣ་སྒྲིག་འཛུགས་བྱས་ཏེ་དཔྱད་རྩོམ་༦༠ལྷག་ཙམ་བཏོན་ཅིང་།
ཡིག་སྒྱུར་པ་༤༠ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཡོངས་མི་རིགས་སྐད་ཡིག་ཡིག་སྒྱུར་རིག་གཞུང་དཔྱད་གླེང་ཚོགས་འདུ་ཐེངས་༡༢པ་དང་། ཐེངས་༡༣པ།
ཐེངས་༡༤པ་བཅས་ལ་བཞུགས་ནས་དཔྱད་རྩོམ་མང་པོ་ཞིག་ཚོགས་འདུའི་ཐོག་བགྲོ་གླེང་བྱས་ཡོད་ལ་དཔྱད་རྩོམ་༡༠ལྷག་ཙམ་ལ་བྱ་དགའ་ཐོབ་ཡོད།
དུས་མཚུངས་རང་ལྗོངས་ཀྱི་ཡིག་སྒྱུར་རིག་གཞུང་སྤེལ་རེས་ཀྱི་ཁོར་ཡུག་བཟང་དུ་གཏོང་རྒྱུ་དང་གསར་གཏོད་བྱེད་བློ་འདོན་ཆེད་བྱ་དགའ་ཐོབ་པའི་དཔྱད་རྩོམ་ལ་གཟེངས་སྟོད་བྱེད་པའི་ནུས་པ་རྒྱུན་ཐོན་ལམ་སྲོལ་བཙུགས་ཏེ།
རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་ཡིག་སྒྱུར་རིག་གཞུང་དཔྱད་གླེང་ཚོགས་འདུར་བཞུགས་པའི་རང་ལྗོངས་ཀྱི་བྱ་དགའ་ཐོབ་པའི་དཔྱད་རྩོམ་རྩོམ་པ་པོ་དང་ཚོགས་ཞུགས་དཔྱད་རྩོམ་རྩོམ་པ་པོར་གཟེངས་སྟོད་བྱས་པ་དང་སྦྲགས་ལག་འཁྱེར་གནང་ཡོད།
གཉིས་ནི་ཡིག་སྒྱུར་རིག་གཞུང་བགྲོ་གླེང་བྱེད་ཤུགས་ཆེ་རུ་བཏང་ཡོད། <<མི་རིགས་སྐད་ཡིག་ཡིག་སྒྱུར་ལས་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་མཛུབ་སྟོན་བསམ་འཆར>>དང་། <<མི་རིགས་སྐད་ཡིག་ཡིག་སྒྱུར་ལས་དོན་སྔར་བས་ཡག་པོ་སྤེལ་རྒྱུའི་སྐོར་གྱི་རྒྱལ་ཁབ་དམངས་ཨུད་ཀྱི་མཛུབ་སྟོན་བསམ་འཆར>>གྱི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཡིག་སྒྱུར་གྱི་རིག་གཞུང་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་།
ཡིག་སྒྱུར་གྱི་རིག་གཞུང་བགྲོ་གླེང་ཡག་པོ་སྤེལ་བ།
བོད་རྒྱའི་ཡིག་སྒྱུར་གྱི་ཆུ་ཚད་མཐོ་རུ་བཏང་བ་བཅས་ཀྱིས་བོད་རྒྱ་ཡིག་སྒྱུར་དེ་དེ་བས་ཚན་རིག་དང་མཐུན་ལ་ཚད་གཞི་དང་ལྡན་པ།
མང་ཚོགས་ཀྱི་དགོངས་པར་བསྟུན་ཐུབ་པས་བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་ལ་ཞབས་ཞུ་དེ་བས་ཡག་པོ་ཞུ་ཐུབ་པ་བྱུང་ཡོད།
༢༠༡༠ལོའི་ཟླ་༩པར་རང་ལྗོངས་ཀྱི་ཡིག་སྒྱུར་རིག་གཞུང་དཔྱད་ཚོགས་ཐེངས་གཉིས་པ་སྐོང་ཚོགས་བྱས་ཤིང་རྫོང་ཁག་༥༥ཡི་ཡིག་སྒྱུར་རྐང་འཛིན་མི་སྣ་དང་རང་སྐྱོང་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ལས་འཛིན་སོགས་འཐུས་མི་༡༦༠རིག་གཞུང་དཔྱད་ཚོགས་ལ་བཞུགས་པ་དང་སྦྲགས་ཕུལ་བྱུང་དཔྱད་རྩོམ་༡༥ལ་གཟེངས་སྟོད་གནང་བ་རེད།
(བཞི།) དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་བསླབ་གྲེས་ལོ་ཙྰ་བར་གཟེངས་སྟོད་བྱེད་པའི་བྱེད་སྒོ་སྤེལ་བས་སྤྱི་ཚོགས་སྟེང་ཤུགས་རྐྱེན་ཆེན་པོ་བཟོས་ཡོད།
༢༠༠༩ལོ་དང་༢༠༡༡ལོར་རང་ལྗོངས་ཀྱིས་སྔ་རྗེས་སུ་ལོ་ཙྰ་བ་མི་༡༧འོས་སྦྱོར་བྱས་པས་མི་༡༦ལ་ཀྲུང་གོ་ལོ་ཙྰ་བའི་མཐུན་ཚོགས་ཀྱིས་གནང་བའི་བསླབ་གྲེས་ལོ་ཙྰ་བའི་མཚན་སྙན་ཐོབ་པ་དང་མི་༡ལ་ཕུལ་བྱུང་ལོ་ཙྰ་བའི་མཚན་སྙན་ཐོབ་ཡོད།
དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་པ་དང་དེ་བཞིན་བོད་ཞི་བའི་བཅིངས་འགྲོལ་བཏང་ཚུན།
རང་ལྗོངས་ཀྱི་ཡིག་སྒྱུར་མི་སྣར་ཐོབ་པའི་མཚན་སྙན་མཐོ་ཤོས་དེ་ཡིན་ཞིང་། དེས་ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་རིག་གནས་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་རང་ལྗོངས་ཀྱི་ཡིག་སྒྱུར་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་ཀར་གདེང་འཇོག་ཆེན་པོ་གནང་བ་མཚོན་ཡོད།
༢༠༡༠ལོའི་བོད་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ལས་འཛིན་ལོ་ཚོགས་སམ་བསླབ་གྲེས་ལོ་ཙྰ་བར་གཟེངས་སྟོད་བྱེད་པའི་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ཀྲུང་གོ་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པའི་ཐོག་བསླབ་གྲེས་ལོ་ཙྰ་བ་དང་ཕུལ་བྱུང་ལོ་ཙྰ་བའི་མཚན་སྙན་ཐོབ་པའི་བློ་མཐུན་རྒན་གྲས་ལ་གཟེངས་སྟོད་གནང་བ་དང་སྦྲགས།
<<བོད་སྐད་ཡིག་ལས་དོན>>གྱི་དུས་དེབ་ཐོག་ཆེད་སྒྲིག་ཚན་བྱང་བཟོ་བཀོད་བྱས་ནས་སྤྱི་ཚོགས་ཡོངས་ལ་ཁོང་རྣམ་པའི་མཛད་རྗེས་དྲིལ་བསྒྲགས་བྱས་ཏེ་ཡིག་སྒྱུར་ལས་ཀའི་ཐོག་གཞོན་སྐྱེས་ལོ་ཙྰ་བར་མིག་དཔེ་བཟང་པོ་ཞིག་བཏོན་ཡོད་ལ་ཁོ་ཚོའི་ཧུར་སེམས་འདོན་སྤེལ་ཡང་ཡག་པོ་བྱས་ཡོད།
(ལྔ) མིག་རྒྱང་རིང་དུ་བཏང་བ་དང་ཆུ་ཚད་གོང་མཐོར་བཏང་ནས་བོད་སྐད་ཡིག་གི་ཡིག་སྒྱུར་ལས་སྒོའི་སྦྱོང་བརྡར་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད།
གཅིག་ནི་འབྲེལ་ཡོད་སྡེ་ཚན་གྱི་མི་སྣ་༤༠ལྷག་ཙམ་བརྩོན་ལེན་བྱས་ཏེ་རྒྱལ་ཁབ་དམངས་ཨུད་ཀྱིས་གཙོ་གཉེར་དང་ཀྲུང་གོ་མི་རིགས་སྐད་ཡིག་རྩོམ་སྒྱུར་ཅུད་ཀྱིས་འགན་འཁུར་གཉེར་སྒྲུབ་བྱས་པའི་རྒྱལ་ཡོངས་མི་རིགས་སྐད་ཡིག་ཡིག་སྒྱུར་ལས་སྒོའི་རྐང་འཛིན་པའི་སྦྱོང་བརྡར་འཛིན་གྲྭའི་ནང་བཞུགས་ཡོད། སྦྱོང་བརྡར་བྱས་པ་བརྒྱུད།
སློབ་མ་ཚོས་རང་རྒྱལ་གྱི་མི་རིགས་སྐད་ཡིག་སྲིད་ཇུས་དང་།
གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གནས་སྟངས།
མི་རིགས་སྐད་ཡིག་ཡིག་སྒྱུར་གྱི་རིག་གཞུང་། དེ་བཞིན་རྒྱལ་ཕྱི་རྒྱལ་ནང་གི་ཡིག་སྒྱུར་ལས་ཀའི་འཕེལ་རིམ་བཅས་ཤེས་རྟོགས་བྱུང་ཡོད།
གཉིས་ནི་ཡིག་སྒྱུར་སྦྱོང་བརྡར་ལས་ཀར་རྒྱབ་སྐྱོར་ཤུགས་ཆེ་བྱས་པ་དང་༢༠༠༧ལོར་བོད་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱིས་རང་ངོས་ཀྱི་འགྲོ་གྲོན་ནས་སྒོར་ཁྲི་༡བཏང་ནས་ཆབ་མདོ་ས་གནས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ཐེངས་གཉིས་པའི་སྦྱོང་བརྡར་འཛིན་གྲྭ་གཉེར་བར་རྒྱབ་སྐྱོར་བྱས་པ་དང་སྦྲགས།
ལས་སྒོའི་རྐང་འཛིན་མི་སྣ་༢འདེམས་གཏོང་བྱས་པས་ས་གནས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་སྦྱོང་བརྡར་ལས་ཀ་ཡག་པོ་སྤེལ་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ཡོད།
གསུམ་ནི་གཞི་རིམ་ཡིག་སྒྱུར་མི་སྣའི་རིག་གཞུང་གི་བྱང་ཚད་དང་ཡིག་སྒྱུར་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་།
མང་ཚོགས་ཁྲོད་ཏང་གི་མཛད་ཕྱོགས་སྲིད་ཇུས་སྔར་བས་དྲིལ་བསྒྲགས་ཡག་པོ་བཅས་བྱེད་ཆེད།
༢༠༡༠ལོའི་ཟླ་༩པར་བོད་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱིས་ཉིན་༢༠ཡི་ལྗོངས་ཡོངས་ཀྱི་ཡིག་སྒྱུར་སྦྱོང་བརྡར་འཛིན་གྲྭ་གཉེར་བ་དང་།
རྫོང་ཁག་༤༩ཡི་སློབ་མ་༥༥སྦྱོང་བརྡར་འཛིན་གྲྭར་བཞུགས་ཡོད་པས་གཞི་རིམ་དུ་རྒྱུན་རིང་སྦྱོང་བརྡར་དང་སློབ་སྦྱོང་བྱེད་མི་ཐུབ་པའི་གནད་དོན་ཐག་གཅོད་ཐུབ་པ་དང་། དུས་མཚུངས་ས་གནས་དང་གྲོང་ཁྱེར་ཁག་གི་ལོ་ཙྰ་བའི་མཐུན་ཚོགས་ཀྱི་རིམ་པ་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་ཡིག་སྒྱུར་སྦྱོང་བརྡར་འཛིན་གྲྭ་ཐེངས་མང་གཉེར་ཡོད།
(དྲུག)
གཞོགས་འདེགས་གང་ལེགས་དང་རང་འགུལ་གྱི་ཐོག་ནས་ཀྲུང་གོ་ལོ་ཙྰ་བའི་མཐུན་ཚོགས་དང་ལོ་ཙྰ་བའི་མཐུན་ཚོགས་ཀྱི་མི་རིགས་ཡན་ལག་ལྷན་ཚོགས་གྱིས་སྒྲིག་འཛུགས་བྱས་པའི་བྱེད་སྒོ་ཁག་ནང་ཧུར་ཐག་ཞུགས་པ།
བོད་ལྫོངས་ལོ་ཙྰ་བའི་མཐུན་ཚོགས་ནི་ཀྲུང་གོ་ལོ་ཙྰ་བའི་མཐུན་ཚོགས་མི་རིགས་ཨུ་ལྷན་གྱི་ཚོགས་མིའི་སྡེ་ཚན་ཞིག་ཡིན་པ་དང་། ཀྲུང་གོ་ལོ་ཙྰ་བའི་མཐུན་ཚོགས་དང་ལོ་ཙྰ་བའི་མཐུན་ཚོགས་ཀྱི་མི་རིགས་ཡན་ལག་ལྷན་ཚོགས་གྱིས་སྒྲིག་འཛུགས་བྱས་པའི་བྱེད་སྒོར་སྔ་བར་ཕྱི་གསུམ་དུ་རང་འགུལ་ཐོག་ནས་དང་ལེན་དང་གཞོགས་འདེགས་ཧུར་ཐག་བྱས་ཡོད།
༢༠༠༦ལོའི་ཚུན་དུ་མཚོ་སྔོན་ཟི་ལིང་དུ་སྐོང་ཚོགས་བྱས་པའི་རྒྱལ་ཡོངས་མི་རིགས་ཞིང་ཆེན་ཁུལ་གྱི་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེའི་ཚོགས་འདུ་ཐེངས་བརྒྱད་པ་དང་ཧྲང་ཧེ་རུ་སྐོང་ཚོགས་བྱས་པའི་འཛམ་གླིང་ཡིག་སྒྱུར་ཚོགས་ཆེན་ཐེངས་བརྒྱད་པར་བཞུགས་པ་དང་སྦྲགས།
ཀྲུང་གོ་ལོ་ཙྰ་བའི་མཐུན་ཚོགས་ཀྱི་འཐུས་མི་ཚོགས་པ་དང་མཉམ་དུ་ལྷོ་ཨ་ཧྥེ་རི་ཁར་བསྐྱོད་ནས་རྒྱལ་སྤྱིའི་ལོ་ཙྰ་བའི་མཉམ་འབྲེལ་མཐུན་ཚོགས་ཀྱིས་སྐོང་ཚོགས་བྱས་པའི་འཛམ་གླིང་སྐབས་༡༧པའི་ཡིག་སྒྱུར་ཚོགས་ཆེན་ལ་བཞུགས་ཡོད།
དེ་མིན་བོད་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱིས་རྒྱལ་ཡོངས་མི་རིགས་སྐད་ཡིག་ཡིག་སྒྱུར་རམ་རྒྱལ་ཡོངས་མི་རིགས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེའི་ལས་དོན་ཚོགས་འདུ་དེ་ཉིང་ཁྲིར་འགན་འཁུར་ནས་གཉེར་བ་དང་།
རྒྱལ་ཡོངས་ཞིང་ཆེན་༡༣དང་། རྒྱལ་ཁབ་མི་རིགས་རྩོམ་སྒྱུར་ཅུད།
ཀྲུང་དབྱང་མི་རིགས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས།
ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནད་སོགས་ཀྱི་སྡེ་ཚན་གྱི་མི་རིགས་སྐད་ཡིག་ལས་དོན་གྱི་རིགས་གཅིག་མཁས་དབང་དང་། ཤེས་ཡོན་ཅན། མི་རིགས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་སོགས་འཐུས་མི་༤༠ལྷག་ཙམ་ཚོགས་འདུར་བཞུགས་པ་དང་འཐུས་མི་༡༠ལྷག་ཙམ་ཚོགས་འདུའི་ཐོག་བགྲོ་གླེང་གཏམ་བཤད་སྤེལ་ཡོད།
བྱེད་སྒོ་དེ་དག་སྤེལ་བའི་སྒོ་ནས་བོད་སྐད་ཡིག་དང་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ལས་ཀ་ངོ་སྤྲོད་བྱས་ཡོད་ལ་མི་རིགས་ཞིང་ཆེན་ཁག་དང་རྒྱལ་ཕྱིའི་ཡིག་སྒྱུར་རིག་གཞུང་འཕེལ་རིམ་ལ་ཡང་ཤེས་རྟོགས་བྱུང་ཡོད།
(བདུན)
དོ་དམ་ལ་ཤུགས་སྣོན་དང་སྲོལ་ཡིག་ལྟར་ལས་དོན་སྤེལ་བས་མཐུན་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་དང་ཚོགས་མིར་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་ཕྱིན་ཡོད། གཅིག་ནི<<བོད་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་སྲོལ་ཡིག>>གི་གཏན་འབེབས་ལྟར་ཚོགས་གཙོ་དང་དྲུང་ཆེས་རྒྱུན་ལས་ལས་འཛིན་ལ་འགན་འཁུར་རྒྱུ་དང་།
རྒྱུན་ལས་ལས་འཛིན་གྱིས་ལས་འཛིན་ལྷན་ཚོགས་ལ་འགན་འཁུར་རྒྱུ།
ལས་འཛིན་ལྷན་ཚོགས་ཀྱིས་ལོ་ཙྰ་བའི་འཐུས་ཚོགས་ལ་འགན་འཁུར་རྒྱུའི་སྒྲིག་འཛུགས་ཀྱི་རྩ་དོན་ལྟར་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ཇུས་ཐག་གཅོད་དབང་དངོས་འགན་སྲུང་ཐུབ་ཡོད།
སྐབས་བརྗེས་ཚུན།
རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཚོགས་ཐེངས་༡༣དང་ལས་འཛིན་ལོ་ཚོགས་ཐེངས་༢སྐོང་ཚོགས་བྱས་ཡོད།
ལོ་ཙྰ་བའི་མཐུན་ཚོགས་ཀྱི་འབྲེལ་ཡོད་ཀྱི་གནད་དོན་གལ་ཆེན་དེ་དག་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཐོག་ནང་མོལ་གཏིང་ཟབ་ཀྱིས་གྲོས་འཆམ་བྱུང་ནས་ལས་ཀའི་སྔོན་དུ་བཀོད་སྒྲིག་ཡོད་པ་དང་།
བརྒྱུད་རིམ་ནང་ཞིབ་བཤེར་ཡོད་པ། མཇུག་འབྲས་ལ་ཕྱོགས་སྡོམ་ཡོད་པ་བཅས་བྱུང་ཡོད།
རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱིས་ཐག་གཅོད་བྱས་པ་དེ་དག་ཚོགས་འདུས་ཟིན་བསྡུས་བཀོད་དེ་པར་འགྲེམས་བྱས་པས་ལས་འཛིན་ཡོངས་ཀྱིས་ཤེས་རྟོགས་ཐུབ་རྒྱུར་འགན་སྲུང་བྱས་ཡོད།
དུས་མཚུངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ལས་ཀར་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་ལོ་ཙྰ་བའི་མཐུན་ཚོགས་དང་མི་རིགས་ཡིག་སྒྱུར་ཨུ་ལྷན་གྱིས་གནང་བའི་ལས་འགན་ཁག་རང་འགུལ་གྱིས་ལེགས་སྒྲུབ་བྱས་ཡོད།
དེས་ལོ་ཙྰ་བའི་མཐུན་ཚོགས་ཀྱིས་ལས་ཀ་གཟབ་ནན་བྱས་པའི་རང་གཤིས་མཚོན་ཡོད་ལ་ལས་འཛིན་གྱི་སྤོབས་སེམས་ཆེར་སྐྱེད་ཐུབ་པ་ཡང་མཚོན་ཡོད།
གཉིས་ནི་ལས་འཛིན་ཁྲོད་རང་ལྗོངས་ཀྱི་བོད་སྐད་ཡིག་རྩོམ་སྒྱུར་ལས་ཀ་དྲིལ་བསྒྲགས་བྱས་ཏེ་ལས་འཛིན་ཚོས་ལས་ཀའི་འཕེལ་རིམ་ཤེས་རྟོགས་བྱུང་བ་་དང་།
ཡིག་སྒྱུར་རིག་གཞུང་བགྲོ་གླེང་གི་གར་སྟེགས་ལྟ་བུ་ཞིག་མཁོ་འདོན་བྱས་ཡོད་པས་ཡིག་སྒྱུར་རིག་གཞུང་བགྲོ་གླེང་དེ་བས་ཡག་པོ་སྤེལ་ཐུབ་པ་བྱུང་ཡོད།
༢༠༠༨ལོ་ནས་བཟུང་། <<བོད་སྐད་ཡིག་ལས་དོན>>གྱི་དུས་དེབ་དང་རྩོམ་བསྡུའི་བརྡ་ཐོ་ལས་འཛིན་རྣམ་པར་ཕུལ་འགོ་ཚུགས་ཡོད།
གསུམ་ནི་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུས་མོས་མཐུན་བྱས་པ་བརྒྱུད། གཞུང་ལས་ཁང་དང་མི་སྣ་མི་ལྡེང་བའི་གནས་ཚུལ་འོག
བོད་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ལ་ཆེད་མངགས་གཞུང་ལས་ཁང་གཅིག་དང་ཆེད་དོན་མི་སྣ་གཅིག་བཀོད་སྒྲིག་བྱས་ནས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ལས་དོན་སྤེལ་རྒྱུ་དང་ཡིག་སྒྱུར་རིག་གཞུང་བགྲོ་གླེང་ལ་སྐུལ་འདེད་གཏོང་རྒྱུར་དགོས་ངེས་ཀྱི་ཆ་རྐྱེན་མཁོ་འདོན་བྱས་ཡོད།
འདས་ཟིན་པའི་ལས་ཀར་ཕྱི་མིག་ལྟས་ཚེ་ང་ཚོར་ཚོར་སྣང་ཟབ་པོ་བྱུང་ཐུབ་རྒྱུ་ནི་བོད་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ལ་བྱུང་བའི་གོང་འཕེལ་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁ་བྲལ་ཐབས་མེད་ལ། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཀྱི་ཐད་ཀའི་འགོ་ཁྲིད་དང་རང་སྐྱོང་ལྗོངས་དམངས་ཁྲོད་སྒྲིག་འཛུགས་དོ་དམ་ཅུད་ཀྱི་ལྟ་སྐུལ་དོ་དམ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་དང་།
སྤྱི་ཚོགས་རིམ་ཁག་གི་ཐུགས་ཁུར་དང་། རྒྱབ་སྐྱོར།
རོགས་རམ་བཅས་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ།
དེ་བཞིན་རྒྱ་ཆེའི་ཡིག་སྒྱུར་ལས་བྱེད་པས་དཀའ་སྤྱད་འབད་འཐབ་བྱས་པ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པས།
དེར་ངས་བོད་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ཚབ་ཞུས་ཏེ་དབུ་ཁྲིད་རྣམ་པ་དང་།
རིམ་ཁག་མི་སྣ། ལས་འཛིན་ཡོངས།
དེ་བཞིན་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་ཁག་གི་ཡིག་སྒྱུར་ལས་བྱེད་པ་རྣམས་ལ་གུས་བཀུར་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ང་ཚོའི་ལས་ཀར་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོན་ཡོད་ཀྱང་།
ད་ཡོད་ཀྱི་དཀའ་ངལ་དང་གནས་དོན་ལ་ཡང་ཤེས་རྟོགས་བྱེད་དགོས་ངེས་ཡིན།
གཅིག་ནི་ལོ་ཙྰ་བའི་མཐུན་ཚོགས་ཀྱི་སྒྲིག་འཛུགས་བྱེད་སྟངས་ཞན་ཞིང་སྤྱི་ཚོགས་ཐོག་མིང་གྲགས་ཆེན་པོ་མེད་པ།
ཡིག་སྒྱུར་གྱི་ལས་རིགས་དང་ལས་སྒོའི་རྣམ་པར་དབྱེ་ཞིབ་དང་རྟོག་ཞིབ་བྱེད་མྱོང་གཏན་ནས་མེད་པ།
མཐུན་ཚོགས་ཀྱིས་ཁྱོན་ཡོངས་ཀྱི་ལས་རིགས་ལ་ཐད་ཀའི་མཛུབ་སྟོན་བྱེད་པའི་ནུས་པ་མི་ལྡེང་བ།
གཉིས་ནི་ཡིག་སྒྱུར་གྱི་མི་སྣ་མི་ལྡེང་བ་དང་།
ཡིག་སྒྱུར་གྱི་ཆུ་ཚད་ཞན་པ་སོགས་ཀྱི་གནད་དོན་ལ་མཐུན་ཚོགས་ཀྱིས་སྦྱོང་བརྡར་སྤྲོད་ཤུགས་མི་ལྡང་བས་ཡིག་སྒྱུར་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་དང་དོན་དངོས་དབར་ལ་ཧེ་བག་ཆེན་པོ་ཡོད་པ།
གསུམ་ནི་རིག་གཞུང་དཔྱད་གླེང་དང་བགྲོ་གླེང་གི་དགོས་ངེས་ཀྱི་འཆར་གཞི་དང་།
སྒྲིག་འཛུགས།
ཁྲིད་སྟོན་བཅས་མི་ལྡང་བས་མཐུན་ཚོགས་ཀྱིས་དྲིལ་བསྒྲགས་དང་ཤུགས་རྐྱེན་ཆེར་གཏོང་བྱེད་ཤུགས་དང་།
རིམ་པ་ཁག་གི་བསམ་ཤེས་དང་རྒྱབ་སྐྱོར་བརྩོན་ལེན་བྱེད་ཤུགས་།
དེ་བཞིན་ཡིག་སྒྱུར་ལས་བྱེད་པའི་སྤྱི་ཚོགས་ཀྱི་ཐོབ་ཐང་སོགས་ཀྱི་ཐད་ལ་ད་དུང་ཤུགས་སྣོན་རྒྱག་དགོས་པ།
བཞི་ནི་མཐུན་ཚོགས་དང་ལས་འཛིན་དབར་རྣམ་ཀུན་འབྲེལ་བ་བྱེད་རྒྱུ་མི་ལྡེང་བ་དང་།
ཚོགས་མིའི་ཧུར་སེམས་འདོན་སྤེལ་བྱེད་རྒྱུ་མི་ལྡེང་བ། བྱེད་སྒོ་རིགས་ཅུང་ཉུང་བ།
ཡིག་སྒྱུར་ལས་བྱེད་པའི་ཁྲིམས་མཐུན་གྱི་ཁེ་དབང་ཐད་ལམ་སྲོལ་ནུས་ལྡན་ཞིག་འཛུགས་རྒྱུ་སོགས་ཀྱི་གནད་དོན་ལྡན་ཡོད་པས་ང་ཚོས་རྗེས་མའི་ལས་ཀའི་ཁྲོད་བྱ་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན།
གཉིས། མ་འོངས་ཀྱི་ལས་ཀར་འདོན་པའི་བསམ་འཆར།
བོད་སྐད་ཡིག་དང་ཡིག་སྒྱུར་ལས་དོན་དེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཞིང་འབྲོག་མང་ཚོགས་ལ་འབྲེལ་བ་བྱེད་པའི་ཟམ་པ་ལྟ་བུ་ཞིག་ཡིན་པ་དང་།
དེ་ནི་མི་རིགས་མཐུན་སྒྲིལ་དང་ཞི་མཐུན་སྤྱི་ཚོགས་མངོན་གྱུར་ཐུབ་རྒྱུའི་དགོས་པ་དངོས་དང་།
དེ་བཞིན་མི་གཙོ་བོར་འཛིན་པའི་དམངས་འཚོ་ལས་དོན་ཞིག་ཡིན།
དུས་བབ་གསར་པའི་ལས་འགན་གསར་པའི་འོག་གི་ཡིག་སྒྱུར་པ་ཞིག་གི་ངོས་ནས་བརྗོད་ན་གོ་སྐབས་ཡག་པོ་ཞིག་ཡིན་ལ་འཐབ་རྩོད་དྲག་པོ་ཞིག་ཀྱང་ཡིན།
མ་འོངས་ཀྱི་ལས་ཀའི་མཛུབ་སྟོན་དགོངས་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་ཐོན་པོར་བསྒྲེངས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་།
“མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ།
ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་འོག
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་བསམ་གཞི་གསར་པ་དང་།
རྣམ་པ་གསར་པའི་སྒོ་ནས་ལས་ཀ་ཏན་ཏིག་བྱེད་རྒྱུ་དང་གསར་གཏོད་ཡར་བརྩོན་ཀྱིས་རང་ལྗོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་ལ་ཞབས་འདེགས་ཞུ་རྒྱུ་དང་།
རྒྱ་ཆེའི་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་བཅས་ཀྱིས་རང་ལྗོངས་ཀྱི་ཡིག་སྒྱུར་བྱ་གཞག་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་གདང་རིམ་གསར་པ་ཞིག་འགོ་བརྩམ་རྒྱུ།
(གཅིག) གསར་གཏོད་ཀྱི་སྒོ་ནས་མཐུན་ཚོགས་ཀྱི་ལས་དོན་ཁག་སྤེལ་རྒྱུ།
<<བོད་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་སྲོལ་ཡིག>>ལྟར་ལོ་ཙྰ་བའི་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ལྷན་ཚོགས་དང་ལོ་ཚོགས་དུས་ཐོག་ཏུ་སྐོང་ཚོགས་བྱ་རྒྱུ་དང་།
རྒྱལ་ཡོངས་མི་རིགས་སྐད་ཡིག་ཡིག་སྒྱུར་རིག་གཞུང་དཔྱད་ཚོགས་ཀྱི་ཚོགས་ཞུགས་དཔྱད་རྩོམ་སྒྲིག་འཛུགས་བྱས་ཏེ་འབྲི་རྒྱུ་དང་།
མི་སྣ་མངགས་གཏོང་བྱས་ཏེ་ཚོགས་འདུར་ཞུགས་རྒྱུ།
གཟེངས་སྟོད་དང་བྱ་དགའ་སྤྲོད་པ་སོགས་ཀྱི་ལས་ཀ་ཧུར་ཐག་བྱ་རྒྱུ། ཀྲུང་གོ་ལོ་ཙྰ་བའི་མཐུན་ཚོགས་དང་མི་རིགས་སྐད་ཡིག་ཡན་ལག་ལྷན་ཚོགས་ལ་གཞོགས་འདེགས་ཧུར་ཐག་ཞུས་ཏེ་ཡིག་སྒྱུར་རིག་དཔྱད་དང་བགྲོ་གླེང་བྱེད་སྒོ་ཡག་པོ་སྤེལ་རྒྱུ།
འཇོན་ཐང་ཡོད་ན་ཐོབ་ཐང་ཡོད་པའི་བསམ་བློ་བརྟན་པོར་བཙུགས་ཐོག་ཚོགས་མིའི་རང་འགུལ་གྱི་བསམ་བློ་འགུག་འཐེན་དང་འདོན་སྤེལ་བྱས་ཏེ་ཡིག་སྒྱུར་བྱ་ཐབས་ལ་བརྟེན་ནས་སྤྱི་ཕན་གྱི་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་རྒྱུ།
ལས་རིགས་ཀྱི་ཐོབ་ཐང་ཡིག་རྒྱུགས་དང་དེ་འབྲེལ་གྱི་ཚད་གཞི་ཁག་གཏན་ལ་འབེབས་རྒྱུ་དང་།
ལྷག་པར་དུ་ཡིག་སྒྱུར་རྣམ་གྲངས་ཀྱི་རིན་བསྡུའི་ཚད་གཞི་ཚད་ལྡན་དང་གཅིག་གྱུར་བཟོས་ཏེ་རིན་བསྡུ་བར་གཞི་འཛིན་ས་ཡོད་པས་ཡིག་སྒྱུར་པའི་ངལ་རྩོལ་གྱི་ཐོབ་ཆ་ཡག་པོ་མངོན་ཐུབ་པ་བྱ་རྒྱུ།
(གཉིས།) ཡིག་སྒྱུར་གྱི་རིག་གཞུང་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུ།
རང་ངོས་ཀྱི་དགེ་སྟོབས་དང་ཁྲིད་སྟོན་ནུས་པ་འདོན་སྤེལ་གཏིང་ཟབ་བྱས་ཏེ་ཕྱོགས་ཁག་གི་ནུས་ཤུགས་གཅིག་སྒྲིལ་ཐོག
འཛམ་གླིང་གི་བརྩམ་བྱ་གྲགས་ཅན་དང་དཔེ་མཚོན་ལྡན་པའི་བརྩམ་བྱ་གོ་རིམ་ལྡན་པའི་སྒོ་ནས་བོད་ཡིག་ཏུ་ཡིག་སྒྱུར་བྱ་རྒྱུ།
སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་བཏང་ཐོག་ཡིག་སྒྱུར་ཞིབ་འཇུག་དང་ཡིག་སྒྱུར་རིག་དཔྱད་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ།
སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་ཡིག་སྒྱུར་རིག་གཞུང་ཞིབ་འཇུག་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ།
ཆུ་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་ཡིག་སྒྱུར་ཞིབ་འཇུག་མི་སྣ་གསོ་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་ཡིག་སྒྱུར་སློབ་གསོ་དང་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་མཛུབ་ཁྲིད་ཧུར་ཐག་བྱས་ཐོག
ཡིག་སྒྱུར་ཞིབ་འཇུག་གི་གཏིང་ཚད་དང་གཞི་ཁྱོན་ཆེ་རུ་བཏང་སྟེ།
ཡིག་སྒྱུར་རིག་གཞུང་གིས་ཡིག་སྒྱུར་བྱ་བ་དངོས་ནང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཁར།
རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་ཀྱིས་རང་ལྗོངས་ཀྱི་རིག་གནས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་།
སྤྱི་ཚོགས་གོང་འཕེལ་ལ་ཞབས་འདེགས་ཞུ་བ། དམངས་འཚོ་ལེགས་བཅོས་ལ་ཞབས་འདེགས་ཞུ་བ་བཅས་ཀྱིས་ཡིག་སྒྱུར་གྱི་ཞབས་ཞུ་ཆུ་ཚད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ།
(གསུམ) ཡིག་སྒྱུར་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་གཏོང་དགོས།
བྱང་ཚད་མཐོ་བའི་ཡིག་སྒྱུར་དཔུང་ཁག་ཞིག་གསོ་སྐྱོང་བྱེད་རྒྱུ་ནི་ཡིག་སྒྱུར་ལས་རིགས་གོང་འཕེལ་འགྲོ་བའི་སྔོན་འགྲོ་ཆ་རྐྱེན་ཞིག་ཡིན། བོད་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་སྒྲིག་འཛུགས་དང་ཁྲིད་སྟོན་གྱི་ནུས་པ་སྔར་བས་འདོན་སྤེལ་ཧུར་ཐག་བྱས་ཏེ་མི་རིགས་སློབ་ཆེན་དུ་ཡིག་སྒྱུར་སྦྱོང་བརྡར་རྟེན་གཞི་བཙུགས་ཐོག
སྤྱི་ཚོགས་ལ་མཁོ་བའི་ཡིག་སྒྱུར་ཤེས་པ་དང་དོ་དམ་ཤེས་པའི་བྱང་ཚད་མཐོ་བའི་ཕྱོགས་བསྡུས་ཅན་གྱི་ཡིག་སྒྱུར་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་རྒྱུ་དང་།
དུས་མཚུངས་ད་ཡོད་ཀྱི་གཞི་རིམ་ཡིག་སྒྱུར་མི་སྣའི་དོན་དངོས་ལ་གཞིགས་ཏེ་ཡིག་སྒྱུར་གྱི་ཉམས་མྱོང་དང་།
སྒྱུ་རྩལ། རིག་གཞུང་བཅས་ནང་དོན་དུ་བྱེད་པ་དང་།
གྲོང་གསེབ་ཀྱི་གཞི་རིམ་ཡིག་སྒྱུར་མི་སྣ་གཙོ་གནད་དུ་བཟུང་སྟེ་གཅིག་ལ་གཅིག་ཁྲིད་ཀྱིས་དངོས་ཁྲིད་བྱ་རྒྱུ་དང་།
མི་རིགས་སློབ་ཆེན་དུ་མུ་མཐུད་སློབ་སྦྱོང་དུ་སྐྱོད་རྒྱུའི་བྱ་ཐབས་ལ་བརྟེན་ནས་དུས་ཁག་སོ་སོའི་ལོ་འཁོར་གྱི་སྦྱོང་བརྡར་འཆར་གཞི་བཟོས་ནས་ལོ་ལྔ་ནང་ཚུད་དུ་གཞི་རིམ་གྱི་ཡིག་སྒྱུར་མི་སྣར་སྦྱོང་བརྡར་ཐེངས་གཅིག་སྤྲོད་རྒྱུ་དང་དོན་དངོས་གྱི་ཆུ་ཚད་མི་ལྡེང་བ་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་བྱ་རྒྱུ།
(བཞི) ལས་རིགས་དྲིལ་བསྒྲགས་དང་འབྲེལ་བ་བྱེད་པའི་ནུས་པ་མཐོ་རུ་གཏོང་རྒྱུ།
སྤྱི་ཚོགས་ཐོག་ཡིག་སྒྱུར་ལ་འཛིན་པའི་ནོར་འཁྲུལ་ལྟ་བ་ནི་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ལས་ཀའི་དྲིལ་བསྒྲགས་བྱེད་ཤུགས་མི་ལྡེང་བའི་གནས་ཚུལ་དང་འབྲེལ་བ་ཆེན་པོ་ཡོད།
རྣམ་པ་དེར་འགྱུར་ལྡོག་གཏོང་དགོས་ན་ངེས་པར་དུ་ཡིག་སྒྱུར་དང་འབྲེལ་བ་ཡོད་པའི་སྤྱི་ཕན་གྱི་བྱེད་སྒོ་སྤེལ་རྒྱུ།
དཔེར་ན་རང་ལྗོངས་ཀྱི་ཡིག་སྒྱུར་གྱི་གྲུབ་འབྲས་བཤམས་སྟོན་དང་།
ཕུལ་བྱུང་གི་སྒྱུར་རྩོམ་ལ་བྱ་དགའ་སྤྲོད་པ།
རྒྱལ་སྤྱིའི་ཡིག་སྒྱུར་ཉིན་མོའི་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་ཐོག་ཡིག་སྒྱུར་ལས་ཀའི་གལ་ཆེའི་ནུས་པ་དྲིལ་བསྒྲགས་ཤུགས་ཆེ་བྱེད་རྒྱུ་དང་།
རྒྱལ་ནང་གི་ཡིག་སྒྱུར་པ་འབྲེལ་བ་ཤུགས་ཆེ་བྱས་ཐོག་ཡིག་སྒྱུར་ལས་ཀ་དང་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ཤུགས་རྐྱེན་ཆེ་རུ་བཏང་ནས་སྤྱི་ཚོགས་རིམ་ཁག་གིས་ཡིག་སྒྱུར་གྱི་གལ་འགངས་རང་བཞིན་ཟབ་པོ་ཤེས་པ་བྱས་ཏེ་རིམ་པ་ཁག་གི་བསམ་ཤེས་དང་རྒྱབ་སྐྱོར་བརྩོན་ལེན་བྱ་རྒྱུ།
ལས་འཛིན་དང་འཐུས་མི་ལྷན་རྒྱས།
མིག་སྔར་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མྱུར་པོ་བྱུང་ཡོད་ཅིང།
ལྷག་པར་དུ་ཞིང་འབྲོག་ཁུལ་གྱི་བྱ་གཞག་ཁག་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་བཟང་པོ་བྱུང་ཡོད་པས་བོད་སྐད་ཡིག་ཡིག་སྒྱུར་ལས་དོན་ལ་དེ་བས་མཐོ་བའི་བླང་བྱ་གསར་པ་དང་དུས་རབས་གསར་པའི་ཁྱད་ཆོས་ཀྱང་ལྡན་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཀྱི་ཐད་ཀའི་འགོ་ཁྲིད།
དེ་བཞིན་རང་སྐྱོང་ལྗོངས་དམངས་ཁྲོད་སྒྲིག་འཛུགས་དོ་དམ་ཅུད་ཀྱི་ལྟ་སྐུལ་དོ་དམ་བཅས་ཀྱི་འོག་ཕྱར་བ་གྲུ་འདེགས་དང་། གསར་གཏོད་ཡར་བརྩོན།
དཀའ་བཅད་འབད་འཐབ་ཀྱིས་བོད་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་ལས་ཀའི་རྣམ་པ་གསར་པ་ཞིག་མཉམ་དུ་གཏོད་རྒྱུ་དང་།
འབྱོར་ཕྱུག། ཞི་མཐུན། བདེ་སྐྱིད། ཁྲིམས་འཛིན། ཤེས་དཔལ།
མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་ཤིག་གཏོད་རྒྱུར་སྔར་བས་ལེགས་སྐྱེས་འབུལ་དགོས།
རྩོམ་འབྲི་བ། བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དྲུང་ཡིག་ཁོའོ་ནས།
ཡིག་སྒྱུར་བ། ལྷ་དབང་།
རྩོམ་སྒྲིག་པ།
སྐྱིད་ལུས།



