无障碍阅读 关怀版

བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་སྐབས་བཞི་པའི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐོག་གི་གསུང་བཤད།

དུས་ཚོད། 2017-01-01 རྩོམ་པ་པོ རྩོམ་སྒྲིག

བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་།  རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ། རང་སྐྱོང་ལྗོངས་ལོ་ཙྰ་བའི་མཐུན་ཚོགས་ཀྱི་སྐབས་བཞི་པའི་ལས་འཛིན་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ།

ལྕགས་ར་བློ་བཟང་བསྟན་འཛིན་གྱི་གསུང་བཤད །  

(༢༠༡༣ལོའི་ཟླ་༥པའི་ཚེས་༨ཉིན)

 

བློ་མཐུན་རྣམ་པ།

 ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་དེ་སྐབས་གསར་བའི་བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་མི་ཁག་བདམས་ཐོན་བྱུང་ཞིང་བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་སྐབས་བརྗེ་བའི་ལས་ཀ་ལེགས་འགྲུབ་བྱུང་བ་རེད། འདི་ནས་ངས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ཏེ་ལོ་ཙཱ་བའི་མཐུན་ཚོགས་ལས་ལས་འཁྱུར་ཞུས་པའི་ཚོགས་མི་རྣམ་པས་བོད་ལྗོངས་ཡིག་སྒྱུར་ལས་དོན་ཐད་བྱས་རྗེས་ཆེན་པོ་བཞག་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་བ་དང་། གསར་དུ་བདམས་ཐོན་བྱུང་བའི་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་མི་རྣམ་པར་རྟེན་འབྲེལ་ཞུས་བ་ཡིན། འདིའི་གོང་དུ་གསར་དུ་འདེམ་བསྐོས་བྱུང་བའི་ཚོགས་གཙོ་ནོར་བུ་དོན་གྲུབ་ཀྱིས་སྐབས་གསར་བའི་བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ལས་ཀའི་འགན་འཁྲི་དང་ལས་འགན་གྱི་བླང་བྱ་གསལ་བོར་བསྟན་སོང་བར་ང་རུང་ཡོངས་སུ་མོས་མཐུན་ཡོད། གཤམ་དུ་ངས་བསམ་འཆར་གཉིས་འདོན་པར་བྱ།

གཅིག ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཐོག་རང་ལྗོངས་ཀྱི་ཡིག་སྒྱུར་ལས་དོན་གོང་འཕེལ་དར་རྒྱས་སུ་གཏོང་དགོས།

  ཏང་གི་ཚེགས་ཆེན་བཅོ་བརྒྱད་པ་ལས་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྟངས་བཏོན་ཞིང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་འཐབ་ཇུས་ཀྱི་བཀོད་སྒྲིག་གནང་པ་ཡིས་དུས་སྐབས་གསར་བ་དང་དུས་རིམ་གསར་བར་རིག་གནས་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་གཏོང་བར་གཞི་འཛིན་ས་མཁོ་འདོན་བྱས་པ་རེད། ལྗོངས་ཡོངས་ཀྱི་བོད་སྐད་ཡིག་ཚན་པ་རིམ་ཁག་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ད་ལྟ་དང་གཞུག་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་འཛིན་དགོས་པ་དང་ཆབས་ཅིག་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལ་ཟུང་འབྲེལ་དམ་ཟམ་བྱས་ཐོག  ཚན་རིག་དང་མཐུན་པའི་ལྟ་བ་དེ་རང་ལྗོངས་ཡིག་སྒྱུར་ལས་དོན་ཁྲོད་དུ་མཛུབ་སྟོན་གྱི་གོ་གནས་ཡོད་པ་ཁོང་དུ་བརྟན་པོར་ངེས་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་དེ་རང་ལྗོངས་ཡིག་སྒྱུར་ལས་དོན་ཁྲོད་དུ་སྲོག་ཤིང་གི་གོ་གནས་ཡོད་པ་ཁོང་དུ་བརྟན་པོར་ངེས་པར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ལྗོངས་ཀྱི་དམིགས་གསལ་ཁྱད་ཆོས་ལྡན་པའི་ཡིག་སྒྱུར་ལས་དོན་གོང་འཕེལ་གྱི་ལམ་གསར་བ་གཏོད་དགོས།

 ༢༠༠༦ལོ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ཞུམ་མེད་དབུ་ཁྲིད་དང་སྐབས་གསུམ་པའི་ལས་འཛིན་ཚོགས་པའི་གཙོ་སྐྱོང་འོག  བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་ལྟེ་བའི་ལས་ཀར་དམ་པོ་དམིགས་ཤིང་རྒྱ་ཆེའི་ཡིག་སྒྱུར་བར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་སུ་ཞབས་ཞུ་ཞུ་བའི་ཁྱབ་ཁོངས་མང་བོའི་བོད་ཡིག་ཡིག་སྒྱུར་ཐད་དུ་གྲུབ་འབྲས་ཆེན་པོ་ལྡན་པའི་ལས་ཀ་གང་མང་བསྒྲུབས་ཡོད་པ་རེད། ལྷག་པར་དུ་ལྗོངས་ཕྱི་ནང་གི་རིག་གཞུང་སྤེལ་རེས་དང་། མི་སྣ་གསོ་སྦྱོང་། བསླབ་རྒན་ལོ་ཙཱ་བ་དང་རིག་གཞུང་སྣེ་ཁྲིད་པར་གཟེངས་བསྟོད་བྱེད་པ་སོགས་སུ་གྲུབ་འབྲས་སྔ་ན་མེད་པ་བླངས་པར་སྤྱི་ཚོགས་ཡོངས་ཀྱིས་དོ་འཁུར་དང་ཁས་ལེན་ཐོབ་ཡོད་ལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་དང་བཀོད་སྒྲིག་དག་གཞི་རིམ་དུ་དོན་འཁྱོལ་བྱུང་ནས་རང་ལྗོངས་མཆོང་སྐྱོད་རྣམ་པའི་གོང་འཕེལ་དུ་འགྲོ་དང་ཡུན་རིང་བདེ་འཁོད་ཡོང་བའི་ཐད་དུ་ནུས་པ་གལ་ཆེན་ཐོན་ཡོད་པ་དང་། རྒྱལ་ཡོངས་མི་རིགས་ཁག་བོད་ལྗོངས་སུ་ཡོང་བ་དང་། བོད་ལྗོངས་ལ་རྒྱུས་མངའ་བྱེད་པ། བོད་ཀྱི་ཡུལ་སྲོལ་གོམས་གཤིས་ལ་ཤེས་རྟོགས་བྱེད་པ། བོད་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་བ་བཅས་སུ་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད་ལ། བོད་ལྗོངས་ཀྱི་ཡིག་སྒྱུར་ལས་དོན་གོང་འཕེལ་དར་རྒྱས་སུ་འགྲོ་བར་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་པ་རེད།

  དེང་སྐབས། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་དུས་རིམ་གསར་བ་ཞིག་ཏུ་བསླེབས་ཡོད་པས་རང་ལྗོངས་ཀྱི་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་བྱས་ཏེ་༢༠༢༠ལོར་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་གི་སྤྱི་ཚོགས་འཛུགས་སྐྱོང་ཐུབ་རྒྱུ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་མདུན་སར་ལྷགས་པའི་ལས་འགན་ཁག་པོ་ཞིག་རེད། ལས་འགན་དེ་ཡིས་རྒྱ་ཆེའི་ཡིག་སྒྱུར་བར་བླང་བྱ་སྔར་བས་ཆེན་པོ་བཏོན་ཡོད་ལ་ཤེས་འཇོན་སྤྱོད་ངོམ་དང་ནུས་པ་འདོན་སྤེལ་བྱེད་པར་ཡང་གར་སྟེགས་སྔར་ལས་རྒྱ་ཆེ་བ་མཁོ་འདོན་བྱས་ཡོད་པ་རེད།  ལས་འཛིན་སྐབས་བརྗེ་བའི་ལས་ཀ་འདི་བརྒྱུད་དེ་བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་སུ་ཚོགས་མི་གསར་བ་ཁ་སྣོན་བྱས་ཡོད་པས་ཚང་མས་གནས་བབ་ལ་ངེས་འཛིན་གསལ་བོ་ལོན་པ་དང་། ལས་ཀའི་འགན་འཁྲུའི་སེམས་པ་ཆེ་རུ་བཏང་ཐོག བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྱི་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རང་ལྗོངས་ཡིག་སྒྱུར་ལས་དོན་གྱི་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་ཐུབ་པར་ཧུར་ཐག་བྱ་དགོས།

གཉིས། དངོས་འཛིན་ནན་སྒྲུབ་དང་དམ་པ་དོན་གཉེར་གྱིས་རང་ལྗོངས་ཀྱི་ཡིག་སྒྱུར་ལས་དོན་ལ་འཕེལ་རྣམ་གསར་བ་གཏོང་དགོས།

སྐད་ཆ་ནི་མིའི་རིགས་ཀྱི་སྤྱི་ཚོགས་གྲུབ་པ་དང་། གོང་འཕེལ། རྒྱུན་མཐུད་བཅས་བྱུང་བའི་ཆེས་རྩ་བའི་གྲུབ་ཆ་ཅིག་ཡིན་ལ། མིའི་རིགས་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ལག་ཆ་དང་། རིག་གནས་ཟིན་ཐོར་འགོད་པའི་རྟེན་གཞི། བེད་སྤྱོད་རུང་བའི་ཐོན་ཁུངས་བཅས་རེད། ཡིག་སྒྱུར་ནི་སྐད་ཡིག་བར་བརྒལ་དང་། མི་རིགས་བར་བརྒལ། རིག་གནས་བར་བརྒལ་བཅས་བྱེད་པའི་འབྲེལ་ཟམ་ཡིན་ཕྱིར་མི་རིགས་དབར་གྱི་སྤེལ་རེས་དང་འབྲེལ་འདྲིས་ལ་སྐུལ་འདེད་དང་། མི་རིགས་དབར་གྱི་རྒྱུས་མངའ་དང་བརྩེ་དུང་ཇེ་ཟབ་དུ་གཏོང་བ། རིག་གནས་རྒྱུན་འཛིན་དང་སྤྱི་ཚོགས་ཞི་མཐུན་ངང་གོང་དུ་འཕེལ་བ་བཅས་སུ་བྱས་རྗེས་བླ་ན་མེད་པ་བཞག་ཡོད། བོད་ལྗོངས་ནི་མི་རིགས་ས་ཁུལ་ཡིན་པས་ཡིག་སྒྱུར་ལས་དོན་ལ་ཐུན་མིན་དང་དམིགས་གསལ་གྱི་དོན་སྙིང་ཡོད་པ་རེད། དེ་ནི་མི་རིགས་སྐད་ཡིག་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཡིན་པར་མ་ཟད་། མི་རིགས་ལས་དོན་གྱི་གྲུབ་ཆ་གཙོ་བོ་ཡང་ཡིན་ལ། དེ་བས་ཀྱང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རིམ་ཁག་ཏང་ཨུ་དང་སྲིད་གཞུང་བཅས་ཀྱིས་རིགས་སོ་སོའི་མི་དམངས་ལ་འབྲེལ་བ་བྱེད་པའི་ཟམ་པ་ལྟ་བུ་ཡང་ཡིན་པས། ཡིག་སྒྱུར་ལས་དོན་ལེགས་སྒྲུབ་བྱ་རྒྱུ་ནི་རྒྱ་ཆེའི་ཡིག་སྒྱུར་ལས་དོན་པའི་འགན་འཁྲི་དང་ལས་སྐལ་རེད།

གཅིག་ནི་ཆོས་ཉིད་ལ་བརྩི་སྲུང་བྱ་དགོས། བོད་སྐད་ཡིག་ཚན་རིག་དང་མཐུན་པའི་འཕེལ་རྒྱས་སུ་གཏོང་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྐད་ཡིག་འཕེལ་རྒྱས་ཀྱི་སྤྱིའི་ཆོས་ཉིད་ཡང་དག་པར་ངེས་པར་བྱས་ཐོག སྐད་ཡིག་གིས་མི་དམངས་མང་ཚོགས་ལ་ཞབས་ཞུ་ཞུ་བའི་གཞི་རྩའི་བྱེད་ནུས་རྒྱུན་འཁྱོངས་བྱ་དགོས། འཐབ་ཇུས་ཀྱི་བསམ་གཞི་དང་། རྒྱ་ཆེ་བའི་བློ་ཁོག འཛམ་གླིང་ལ་ཕྱོགས་པའི་མིག་རྒྱ་བཅས་ཀྱི་ཐོག་ནས་བོད་སྐད་ཡིག་ལས་དོན་དེ་ཚན་རིག་དང་མཐུན་པ་དང། གོ་བདེ་ཡིན་པ། མང་ཚོགས་ལ་ཕྱོགས་པ་བཅས་ཀྱི་འཕེལ་ལམ་ཞིག་གསར་གཏོད་བྱ་དགོས།

གཉིས་ནི་ཁ་ཕྱོགས་གསལ་པོར་ངེས་དགོས། <<མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་>>དང་<< རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་བཅའ་ཁྲིམས་ >> <<བོད་སྐད་ཡིག་སྦྱོང་སྤྱོད་་སྤེལ་གསུམ་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་>> བཅས་གཞིར་བཟུང་སྟེ་བོད་མི་རིགས་ཀྱིས་བོད་སྐད་ཡིག་སློབ་སྦྱོང་བྱེད་པའི་ཁེ་དབང་འགན་སྲུང་བྱེད་པ་དང་།

བོད་སྐད་ཡིག་གོང་འཕེལ་དར་རྒྱས་སུ་གཏོང་བ་དང་བོད་མི་རིགས་ཀྱི་ཚན་རིག་དང་རིག་གནས་ཆུ་ཚད་མཐོ་རུ་གཏོང་བ་རང་འགན་དུ་རྩིས་ཐོག་སྤྱི་ཚོགས་ཁྱོན་ཡོངས་ནས་མདུན་སྐྱོད་ཡོང་བར་སྐུལ་འདེད་བྱ་དགོས།

གསུམ་ནི་ཁྱད་ཆོས་མངོན་གསལ་དོད་དགོས། བོད་སྐད་ཡིག་འདི་ཉིད་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོར་རྒྱ་ཁྱབ་ཀྱིས་བེད་སྤྱོད་གཏོང་བཞིན་ཡོད་པས་མཐོ་སྒང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ཀྱི་ཁྱད་ཆོས་རྣམ་པར་བཀྲ་ཞིང་བོད་ལྗོངས་ཀྱི་མི་རིགས་ཁག་འོ་ཆུ་འདྲེས་འདྲའི་འབྲེལ་བ་དང་མཆམ་མཐུན་མཉམ་འགྲོགས་ཀྱི་རྣམ་པ་ཡག་པོ་མངོན་པར་མཚོན་ལ། བོད་ལྗོངས་ཀྱི་ཐུན་མིན་ཕུན་སུམ་ཚོགས་པའི་རིག་བསྐྲུན་ཐོན་ཁུངས་དང་རིག་གནས་ཐོན་ཁུངས། ཡུལ་སྐོར་ཐོན་ཁུངས་ཀྱང་བོད་སྐད་ཡིག་དུ་འདུས་ཡོད་པ་རེད། སྐབས་གསར་བའི་ལོ་ཙཱ་བའི་མཐུན་ཚོགས་ཀྱིས་བོད་སྐད་ཡིག་བཀས་བཅད་ཅན་དང་ཚད་ལྡན་ཅན་དང་ཆ་འཕྲིན་ཅན་བཅས་ཀྱི་ལས་ཀ་ལེགས་འཛིན་བྱ་དགོས་པ་དང་ཞི་མཐུན་གྱི་སྐད་ཆའི་ཁོར་ཡུག་གསར་བསྐྲུན་ཧུར་ཐག་བྱས་ཐོག བོད་ལྗོངས་ཐུན་མིན་གྱི་མི་རིགས་རིག་གནས་དང་དམངས་སྲོལ་གོམས་གཤིས་མངོན་གསལ་དོད་དགོས་པ་དང་མི་རིགས་ཁག་ཞི་མཐུན་གོང་འཕེལ་དུ་འགྲོ་བཞིན་པའི་ས་གནས་ཀྱི་ཁྱད་ཆོས་ཀྱང་མངོན་གསལ་དོད་དགོས།

བཞི་ནི་ནང་དོན་ཕུན་སུམ་ཚོགས་དགོས། བོད་སྐད་ཡིག་འཕེལ་རྒྱས་སུ་གཏོང་བའི་ཁོར་ཡུལ་ཇེ་ལེགས་བཏང་ནས་བོད་སྐད་ཡིག་གི་ཞབས་ཞུའི་ཕན་ནུས་རྒྱ་ཆེར་གཏོང་དགོས། རྒྱ་ཆེའི་ཡིག་སྒྱུར་ལས་དོན་པས་བསམ་བློ་གང་མང་གཏོང་བ་དང་ཐབས་ཤེས་གང་ལེགས་འཐེན་ནས་བོད་སྐད་ཡིག་ལས་དོན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་དུ་གཏོང་བ་དང་། བོད་སྐད་ཡིག་ལས་དོན་གྱི་ཁྱབ་ཁོངས་གསར་བ་རྒྱ་བསྐྱེད་གཏོང་བ། བོད་སྐད་ཡིག་ཞིབ་འཇུག་ལ་ལས་སྔར་བས་ཤུགས་སྣོན་རྒྱག་པ། གླེང་ཆ་ཆེ་བའི་གནད་དོན་ལ་དོ་སྣང་དང་དཀའ་ཁག་ཆེ་བའི་གནད་དོན་ཐག་གཅོད་བྱེད་པ། མིང་ཚིག་གསར་བ་དང་བརྡ་ཆད་གསར་བ་བསྡུ་རུབ་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་མུ་མཐུད་ནས་སྐོད་ཐུབ་དགོས།

ལྔ་ནི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ཡིག་སྒྱུར་ལས་ཀ་དེ་ཕྱོགས་མང་པོར་འབྲེལ་བ་ཡོད་པ་དང་རྒྱ་ཆེའི་ཡིག་སྒྱུར་ལས་དོན་པ་ཡང་ལས་རིགས་གང་སར་ཡོད་པ་རེད། ཡིག་སྒྱུར་ལས་ཀ་ཡག་པོར་བསྒྲུབ་རྒྱུར་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་དང་ཕྱོགས་སོ་སོ་ནས་རྒྱུས་ལོན་དང་རྒྱབ་སྐྱོབ་ཐོབ་དགོས་པ་རེད། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་ཚན་པ་ཁག་གིས་ཡིག་སྒྱུར་ལས་ཀའི་ཁྲོད་གནས་པའི་དཀའ་ཁག་དང་གནད་དོན་ལ་ཞིབ་འཇུག་ཟབ་མོ་དང་ཐག་གཅོག་ཡག་པོ་བྱ་དགོས་པ་སྟེ། ཐོབ་ཐང་ཇེ་ལེགས་དང་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནས་རྒྱ་ཆེའི་ཡིག་སྒྱུར་ལས་དོན་པར་ཐུགས་ཁུར་བྱ་དགོས་པ་དང་། <<བོད་སྐད་ཡིག་སྦྱོང་སྤྱོད་་སྤེལ་གསུམ་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་>>ནང་བཞིན་རང་ལྗོངས་ཡིག་སྒྱུར་ལས་དོན་ཚན་རིག་དང་མཐུན་པའི་ངང་ནས་གོང་འཕེལ་དུ་གཏོང་དགོས།

  བློ་མཐུན་རྣམ་པ། སྐབས་གསར་བའི་ལོ་ཙཱ་བའི་མཐུན་ཚོགས་དངོས་སུ་བདམས་ཐོན་བྱུང་བ་དང་དུས་སྐབས་གསར་བའི་ཡིག་སྒྱུར་ལས་དོན་ལེགས་སྒྲུབ་བྱ་རྒྱུར་འགན་འཁྲི་ལྕི་ཞིང་ལས་སྐལ་གཟི་བརྗིད་ལྡན། དེ་བས་ལས་འགན་སེམས་ལ་གཏན་པོར་འཛིན་པ་དང་། འགན་འཁྲི་གསལ་པོར་ངེས་པ། སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ལོ་ཙཱ་བའི་མཐུན་ཚོགས་རྒྱབ་རྟེན་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་ཡིག་སྒྱུར་ལས་དོན་ལ་འཕེལ་རྣམ་གསར་བ་གཏོད་པར་ཧུར་བརྩོན་བྱས་ཏེ་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་ལྡན། དཔལ་ཡོན། སྣོད་བཅུད་བཅས་ཡིན་པའི་བོད་ལྗོངས་འཛུགས་སྐྱོང་བྱ་རྒྱུར་བྱས་རྗེས་སྔར་བས་ཆེ་བ་འཇོག་དགོས་སོ།།

             ཡིག་སྒྱུར་། གདུགས་དཀར་ཚེ་རིང།

རྩོམ་སྒྲིག་པ། ལྷ་དབང་།