རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་ཡིག་སྒྱུར་རིག་ལམ་དཔྱད་བསྡུར་ཚོགས་འདུ་ཐེངས་བཅུ་བཞི་པ་གྲོང་ཁྱེར་པེ་ཅིན་དུ་ཚོགས་པ།

ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུད་དང་ཀྲུང་གོ་ཡིག་སྒྱུར་མཐུན་ཚོགས་མི་རིགས་སྐད་ཡིག་ཡིག་སྒྱུར་ཨུ་ཡོན་ལྷན་ཁང་གིས་གཉེར་བའི་རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་ཡིག་སྒྱུར་རིག་ལམ་དཔྱད་བསྡུར་ཚོགས་འདུ་ཐེངས་བཅུ་བཞི་པ་དེ་
2012ལོའི་ཟླ་5པའི་ཚེས་17ནས་19བར་པེ་ཅིན་ཀྲུང་དབྱང་མི་རིགས་ལས་བྱེད་སློབ་གླིང་དུ་ཚོགས།
རྒྱལ་ཡོངས་ཀྱི་ཞིང་ལྗོངས་གྲོང་ཁྱེར་ཁག་16ཡི་མི་རིགས་སྐད་ཡིག་ལོ་ཙཱ་བའི་མཐུན་ཚོགས་དང་།
ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུད། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཨུ་ལྷན་གྲུབ་ཁོངས་ཚན་པའི་གྲས་ཀྱི་ཀྲུང་དབྱང་མི་དམངས་རླུང་འཕྲིན་ལས་ཁུངས་མི་རིགས་སྐད་ཡིག་རླུང་འཕྲིན་ལྟེ་གནས་དང་།
མི་རིགས་དཔེ་སྐྲུན་ཁང་། ཀྲུང་དབྱང་མི་རིགས་སློབ་ཆེན་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་སློབ་གླིང་།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། མི་རིགས་མཐུན་སྒྲིལ་དུས་དེབ་ཁང་། མི་རིགས་བརྙན་པར་ཁང་། ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་དང་པོའི་མན་ཇུ་རིགས་པུའུ།
ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་བཅས་ནས་ཕེབས་པའི་ཡིག་སྒྱུར་ལོ་ཙཱ་བ་དང་མི་རིགས་སྐད་ཡིག་ལས་དོན་པ་98ཚོགས་འདུར་ཞུགས།
རིག་ལམ་དཔྱད་བསྡུར་ཚོགས་འདུ་དེ་རྒྱལ་ཁབ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུད་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུད་ཀྲང་གཅིག་ལྕོགས་ལིའི་ཅེན་ཧུད་ཀྱིས་གཙོ་སྐྱོང་གནང་བ་དང་།
རྒྱལ་ཁབ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུད་ཀྱི་ཅུད་ཀྲང་གཞོན་པ་དང་སྤྱི་ཁྱབ་ཞུས་ཆེན། ཀྲུང་གོའི་ལོ་ཙཱ་བའི་མཐུན་ཚོགས་མི་རིགས་སྐད་ཡིག་ཡིག་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཨ་ལིམ་ཧྲབ་ཐིས་འགོ་ཚུགས་མཛད་སྒོའི་ཤིས་ཚིག་སྒྲོན།
རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ལྷན་གྱི་ཀྲུའུ་རེན་སྐུ་གཞོན་དང་ཀྲུང་གོའི་ལོ་ཙཱ་བའི་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་སྐུ་གཞོན་གཅིག་ལྕོགས་དོན་གྲུབ་དབང་འབུམ་དང་།
ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་ཅུད་ཀྱི་རྒྱུན་ལས་ཅུད་ཀྲང་གཞོན་པ་དང་ཀྲུང་གོའི་ལོ་ཙཱ་བའི་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་སྐུ་གཞོན་དང་པོ་གཅིག་ལྕོགས་ཀོའོ་ཞའོ་ཡུང་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་།
འགོ་ཚུགས་མཛད་སྒོ་སྒྲུབ་རྗེས་ཚོགས་ཆེན་ཐོག་གྲགས་ཅན་རིག་གནས་མཁས་དབང་གེང་ཧྲེ་མིང་དང་འཇམ་དཔལ་རྒྱ་མཚོ་སོགས་ཀྱིས་བརྗོད་དོན་གཙོ་བོའི་སྙན་སྒྲོན་གནང་ཞིང་གཞོན་སྐྱེས་ལོ་ཙཱ་བར་རྩ་ཆེའི་ཉམས་མྱོང་བརྒྱུད་སྤེལ་མཛད།
ཐེངས་འདིའི་རིག་ལམ་དཔྱད་བསྡུར་ཚོགས་འདུའི་རིང་མི་རིགས་སྐད་ཡིག་ཆེད་དོན་ཚོགས་ཆུང་ཁག་5ལ་བགོས་ཏེ་རང་རྒྱལ་གྱི་མི་རིགས་སྐད་ཡིག་སྲིད་ཇུས་དང་།
ཡིག་སྒྱུར་གྱི་གཞུང་ལུགས་དང་ལག་ལེན། སྐད་གཉིས་སློབ་གསོ། མི་རིགས་སྐད་ཡིག་ཡིག་སྒྱུར་ལ་འཕྲད་པའི་གོ་སྐབས་དང་འགྲན་རྩོད།
ད་ལྟའི་གནས་སྟངས་དང་འབྱུང་འགྱུར་གྱི་བསམ་གཞི་བཅས་ཀྱི་ནང་དོན་ལ་དམིགས་ནས་རང་གི་ལྟ་བ་ལྷུག་གླེང་དང་།
རིག་ལམ་ཕན་ཚུན་བརྗེ་རེས། ཆེད་རྩོམ་རེ་རེ་བྱས་ནས་ཞིབ་བསྡུར་དཔྱད་བརྗོད་སྤེལ་ཞིང་། དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།
ཐེངས་འདིའི་རིག་ལམ་དཔྱད་བསྡུར་ཚོགས་འདུར་མི་རིགས་སྐད་ཡིག་རིགས་18དང་འབྲེལ་བའི་ཆེད་རྩོམ་ཁྱོན་བསྡོམས་137འབྱོར་བ་དང་་།
མཁས་དབང་སྒྲིག་འཛུགས་ཀྱིས་དཔྱད་འདེམས་ནན་ཏན་བྱས་པ་བརྒྱུད། ཆེད་རྩོམ་ཁག་16ཡོད་པར་བྱ་དགའ་རིམ་པ་དང་པོ་3དང་།
བྱ་དགའ་རིམ་པ་གཉིས་པ་5བྱ་དགའ་རིམ་པ་གསུམ་པ་8བདམས་ཡོད་པ་མ་ཟད་དེ་དག་ལ་གཟི་བརྗིད་ལག་ཁྱེར་གནང་།
ཐེངས་འདིའི་རིག་ལམ་དཔྱད་བསྡུར་ཚོགས་འདུར་རང་ལྗོངས་ནས་བྱ་དགའ་ཐོབ་པའི་འཐུས་མི་3ཞུགས་ཡོད།
རང་ལྗོངས་ཀྱི་ལོ་ཙཱ་མཐུན་ཚོགས་ནས་ཐེངས་འདིའི་རིག་ལམ་དཔྱད་བསྡུར་ཚོགས་འདུར་འོས་སྦྱོར་ཞུས་པའི་དཔྱད་རྩོམ་ཁྱོན་བསྡོམས་14ཡོད་པའི་ནང་ནས་ཆེད་རྩོམ་6ལ་བྱ་དགའ་ཐོབ་ཅིང་།
དེ་ཡང་ལྗོངས་རྩོམ་སྒྱུར་ཅུད་རྩོམ་སྒྱུར་ཁྲུའི་ཡེ་ཤེས་བཟང་པོ་ནས་བྲིས་པའི<<བོད་བཙན་པོའི་སྐབས་ཀྱི་ཡིག་སྒྱུར་ལོ་རྒྱུས་དང་དེ་ལས་འཕྲོས་པའི་དགེ་མཚན་སྐོར་གླེང་བ>>ཞེས་པར་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་།
བོད་ལྗོངས་ཆབ་མདོ་ས་གནས་མཐོ་རིམ་སློབ་འབྲིང་གཉིས་པའི་ཀུན་དགའ་དོན་གྲུབ་ནས་བྲིས་པའི<<ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་རྒྱ་ཡིག་སྒྱུར་མར་བསྡུར་ཞིབ་བྱེད་རྒྱུའི་སྐོར>>ཞེས་དང་།
ལྷ་ས་སྟག་རྩེ་སློབ་འབྲིང་གི་བུ་ཆུང་ནས་བྲིས་པའི<<ཐ་སྙད་གསར་པ་བཀས་བཅད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་རྒྱུའི་སྐོར>>ཞེས་པར་བྱ་དགའ་རིམ་པ་གཉིས་པ་ཐོབ་པ།
ལྗོངས་རྩོམ་སྒྱུར་ཅུད་ཀྱི་དེ་སྔའི་ཅུད་ཀྲང་གཞོན་པ་དབང་ཕྱུག་ནས་བྲིས་པའི<<རྒྱ་བོད་སྒྲ་སྒྱུར་དེ་རང་རིགས་ཀྱི་སྐད་ལུགས་ཡིག་སྲོལ་དང་མཐུན་དགོས་པའི་སྐོར་གླེང་བ>>དང་།
ལྗོངས་རྩོམ་སྒྱུར་ཅུད་ཚན་ཞིབ་ཁྲུའི་གདུགས་དཀར་ཚེ་རིང་ནས་བྲིས་པའི<<རྒྱ་བོད་ཤན་སྦྱར་ཚིག་མཛོད་དང་དེའི་ཁྲོད་ཀྱི་མིང་གི་བསྒྱུར་ཚུལ་ལ་རགས་ཙམ་དཔྱད་པ>>ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཚེ་རིང་དབང་གྲགས་དང་།
ཉི་མ་ཚེ་རིང་། པད་མ་དབྱངས་ཅན་བཅས་ནས་བྲིས་པའི<<རྒྱ་བོད་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་སྐོར་གླེང་བ>>ཞེས་པ་བཅས་ལ་བྱ་དགའ་རིམ་པ་གསུམ་པ་ཐོབ་ཡོད།
རྩོམ་འབྲི་བ། ཡེ་ཤེས་བཟང་པོ།
རྩོམ་སྒྲིག་པ། སྐྱིད་ལུས།



