无障碍阅读 关怀版

རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད་)གིས་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འབུམ་རམས་པ་དགེ་ལེགས་ལགས་གདན་ཞུ་བྱས་ནས་བོད་རིག་པའི་ཆེད་དོན་འཆད་ཁྲིད་སྤེལ་གནང་བ།

དུས་ཚོད། 2017-01-01 རྩོམ་པ་པོ རྩོམ་སྒྲིག

འབུམ་རམས་པ་དགེ་ལེགས་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།

ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྤྱིའི་བླང་བྱ་བཞིན། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད་)གིས་སློབ་སྦྱོང་དང་། ཞིབ་གཤེར། བསྒྱུར་བཅོས་བྱེད་རྒྱུ་དེ་སློབ་གསོ་ལག་ལེན་བྱེད་སྒོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་རྒྱུན་འཁྱོངས་བྱས་ནས། “རིག་གཞུང་གི་ཁོར་ཡུག་རྒྱ་བསྐྱེད་ཐོག་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་དང་ཆེད་ལས་མི་སྣའི་བྱང་ཚད་གོང་མཐོར་གཏོང་རྒྱུའི་”སྐོར་གྱི་བསམ་འཆར་བཅས་ལ་དམིགས་ཏེ། ༢༠༡༣ལོའི་ཟླ་༩པའི་ཚེས་༦ཉིན། གཞུང་ལས་ཁང་(ཅུད་)གིས་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་དང་། ཀྲུང་གོ་གྲངས་ཉུང་མི་རིགས་རིག་དངོས་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་འབུམ་རམས་པ་དགེ་ལེགས་ལགས་གདན་ཞུ་བྱས་ནས་《རྒྱལ་ཕྱིའི་བོད་རིག་པའི་རྟོག་ཞིབ་སྙན་ཞུ་》ཞེས་པའི་ཆེད་དོན་འཆད་ཁྲིད་སྤེལ་གནང་བ་དང། གཞུང་ལས་ཁང་(ཅུད་)གི་ཏང་ཙུའི་ཁོངས་མི་དང་། ཀྲུའུ་རེན་གཞོན་པ་(ཅུད་ཀྲང་གཞོན་པ་)བློ་མཐུན་ཆོས་གྲགས་ཀྱིས་འཆད་ཁྲིད་གཙོ་སྐྱོང་གནང་བ་རེད། འཆད་ཁྲིད་ལ་བཞུགས་མཁན་གྲས་སུ་རང་གཞུང་ལས་ཁང་(ཅུད་)གི་ལས་བྱེད་ལས་བཟོ་པ་ཡོངས་དང་རྒན་ཡོལ་ཞུས་པའི་ལས་བྱེད་རྒན་གྲས་ཕུད། ད་དུང་ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་། དམངས་འཐུས་གཞུང་དོན་ཐིང་། སྲིད་གཞུང་གཞུང་དོན་ཐིང་། སྲིད་གྲོས་གཞུང་དོན་ཐིང་། ལྗོངས་ཏང་ཨུད་རྩ་འཛུགས་པུའུ། ལྗོངས་ཆོས་དོན་ཨུ་ལྷན། ལྗོངས་ཏང་གི་ལོ་རྒྱུས་ཞིབ་འཇུག་གཞུང་ལས་ཁང་། ལྗོངས་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་།  བོད་ལྗོངས་ཉིན་རེའི་ཚགས་པར་ཁང་སོགས་ཚན་པ་བཅུ་ཙམ་གྱི་འབྲེལ་ཡོད་བློ་མཐུན་གདན་ཞུ་བྱས་ཡོད།

   འཆད་ཁྲིད་ཐོག་འབུམ་རམས་པ་དགེ་ལེགས་ལགས་ཀྱིས་རང་ཉིད་ཀྱིས་བརྒྱུད་མྱོང་བའི་དོན་དངོས་གནས་ཚུལ་དང་པར་རིས་འབོར་ཆེན་ཞིག་དཔེ་གཞིར་དྲངས་ནས། “རྒྱལ་ཕྱིའི་བོད་རིག་པའི་གནས་དོན་འདོན་ཚུལ་དང་། རྒྱལ་ཕྱིའི་བོད་རིག་པ་དང་བོད་རིག་པ་མཁས་ཅན། རྟོག་ཞིབ་ཏུ་ཕེབས་མྱོང་བའི་རྒྱལ་ཁབ་གཙོ་གྲས་དང་། རྟོག་ཞིབ་ཀྱི་ནང་དོན་དང་བྱ་ཐབས། རྒྱལ་ཕྱིའི་བོད་རིག་པ་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་བརྒྱུད་རིམ། རྒྱལ་ཕྱིའི་བོད་རིག་པའི་མཚོན་བྱེད་མི་སྣ་དང་ལྟ་བ་གཙོ་བོ། སློབ་སྦྱོང་དང་ཡིད་ཟབ་བྱེད་དགོས་པའི་གནས་དོན་”བཅས་ཕྱོགས་དྲུག་གི་སྟེང་ནས་རང་ལྗོངས་ཀྱི་བོད་སྐད་ཡིག་དང་རྩོམ་སྒྱུར་ལས་དོན་གྱི་དོན་དངོས་ལ་ཟུང་འབྲེལ་གནང་ཏེ། འབུམ་རམས་པ་ཁོང་སྤྱི་ལོ་༡༩༨༣ནས་༢༠༡༢བར་ཕྱིའི་རྒྱལ་ཁབ་༢༠ཙམ་ལ་བོད་རིག་པ་སློབ་སྦྱོང་དང་རྟོག་ཞིབ་ལ་ཕེབས་པའི་གནས་ཚུལ་གསོན་ཉམས་ལྡན་ཞིང་ཆད་ལུས་མེད་པའི་སྒོ་ནས་ངོ་སྤྲོད་གནང་ཡོད།

   འཆད་ཁྲིད་སྤེལ་ཟིན་རྗེས། བློ་མཐུན་ཚང་མས་འབུམ་རམས་པ་དགེ་ལེགས་ལགས་ཀྱི་འཆད་ཁྲིད་ཉན་པ་བརྒྱུད། མཐོང་རྒྱ་དང་ཐོས་རྒྱ་ཇེ་ཆེར་སོང་བ་མ་ཟད། བོད་རིག་པ་དང་རྒྱལ་ཕྱིའི་བོད་རིག་པའི་འབྱུང་ཁུངས་དང་གྲུབ་ཚུལ་གྱི་འཕེལ་རྒྱས་བཅས་ལ་རྒྱུས་མངའ་སྔར་བས་གཏིང་ཟབ་བྱུང་ཞིང་། ཕྱིན་ཆད་ལས་དོན་མཐའ་དག་ལེགས་གྲུབ་ཡོང་རྒྱུ་དང་ལྷག་པར་དུ་བོད་ལྗོངས་བོད་སྐད་ཡིག་དང་རྩོམ་སྒྱུར་ལས་དོན་ཡག་པོ་སྤེལ་རྒྱུར་ཕན་ནུས་མི་དམན་པ་ཐོན་རྒྱུ་རེད་ཅེས་བརྗོད་པ་མ་ཟད། སླད་ཕྱིན་འབུམ་རམས་པ་དགེ་ལེགས་ལགས་ཀྱི་གསུང་རྩོམ་ལ་སློབ་སྦྱོང་གང་མང་བྱས་ཏེ་ཤེས་ཡོན་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་ནུས་པ་རྒྱ་ཆེར་བཏང་ནས་བོད་མི་རིགས་ཀྱི་འཚོ་བ་དང་། ལོ་རྒྱུས། གོམས་སྲོལ། ཆོས་ལུགས། རིག་གནས་སྒྱུ་རྩལ་སོགས་ཀྱི་སྤྱི་ཚོགས་ཚན་རིག་ཕྱོགས་གང་ཅིའི་ཐད་ཀྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས། རང་ལྗོངས་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་དང་མི་དམངས་མང་ཚོགས་མཐུན་སྦྱོར་ཡོང་རྒྱུར་ཞབས་འདེགས་གང་ལེགས་ཞུས་ཏེ། རང་ལྗོངས་ཀྱི་བོད་སྐད་ཡིག་དང་རྩོམ་སྒྱུར་ལས་དོན་འདི་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཡག་པོ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

ཡིག་སྒྱུར་པ། བཀྲ་ཤིས་གཡང་འཛོམས།

རྩོམ་སྒྲིག་པ། ལྷ་དབང་།