无障碍阅读 关怀版

རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་བོད་སྐད་ཡིག་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་སྐོང་འཚོགས་བྱས་པ།

དུས་ཚོད། 2017-01-01 རྩོམ་པ་པོ རྩོམ་སྒྲིག

2013ལོའི་ཟླ་12ཚེས་3ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་བོད་སྐད་ཡིག་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་སྐོང་འཚོགས་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་སྐུ་གཞོན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་མཆོག་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་། ཁོང་གིས་ཉེ་བའི་ལོ་བཅུའི་རིང་གི་རང་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་གནང་བ་དང་། རང་ལྗོངས་ཀྱི་བོད་སྐད་ཡིག་གི་གོམ་སྟབས་རྗེས་མའི་ལས་འགན་བཀོད་སྒྲིག་གནང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་སྐུ་གཞོན་ཤིང་རྩ་བསྟན་འཛིན་ཆོས་གྲགས་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐུ་གཞོན་ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས་རྣམ་གཉིས་ཚོགས་འདུར་ཞུགས། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་སྐུ་གཞོན། རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་མཆོག་གིས་ཚོགས་འདུ་གཙོ་སྐྱོང་གནང་། རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན། རྩོམ་སྒྱུར་ཅུད་ཀྱི་ཏང་ཙུའི་ཧྲུའུ་ཅི་སྐུ་གཞོན། ཅུད་ཀྲང་ནོར་བུ་དོན་གྲུབ་ཀྱིས་རང་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་སྐོར་གྱི་སྙན་ཞུ་གནང་། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་ཨུ་ལྷན་གྱི་ཁོངས་མི་དང་། རང་སྐྱོང་ལྗོངས (ཀྲུང་དབྱང་)ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འགན་འཁུར་མི་སྣ་དང་། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་བློ་མཐུན་ཚང་མ་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས། ས་གནས་དང་རྫོང་(གྲོང་ཁྱེར་དང་ཆུད)ཁག་གི་བོད་སྐད་ཡིག་ལས་དོན་ཨུ་ལྷན་གྱི་ཁོངས་མི་དང་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དང་རྩོམ་སྒྱུར་ཁང་གི་བློ་མཐུན་ཚང་མ་ཡན་ལག་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག  བོད་སྐད་ཡིག་ནི་རང་ལྗོངས་ཀྱི་མི་རིགས་ལས་དོན་དང་སྐད་ཡིག་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོབ་ཁུལ་འཛུགས་སྐྱོང་བྱེད་པའི་གལ་ཆེའི་ནང་དོན་ཞིག་ཡིན། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་བོད་སྐད་ཡིག་སྲུང་སྐྱོབ་དང་། རྒྱུན་འཛིན། གོང་འཕེལ་བཅས་ནུས་ལྡན་བྱུང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྐད་ཡིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་ཐད་གལ་ཆེའི་མཛུབ་སྟོན་ཐེངས་མང་གནང་ནས་ང་ཚོར་དུས་རབས་གསར་པའི་བོད་སྐད་ཡིག་ལས་དོན་ཡག་པོ་སྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་རང་ལྗོངས་ཀྱི་བོད་སྐད་ཡིག་གོང་འཕེལ་འགྲོ་བར་འཕྲད་པའི་དུས་བབ་ཤེས་རྟོགས་གང་ལེགས་བྱེད་པ་དང་། བོད་སྐད་ཡིག་ལས་དོན་ལ་བརྟེན་ནས་ཏང་གི་མཛད་ཕྱོགས་སྲིད་ཇུས་ཁག་དྲིལ་བསྒྲགས་བྱེད་པའི་བརྒྱུད་བསྒྲགས་ནུས་པ་ཤེས་རྟོགས་གང་ལེགས་བྱེད་པ། བོད་སྐད་ཡིག་ལས་དོན་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་དང་དར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བའི་རྟེན་གཞིའི་ནུས་པ་ཤེས་རྟོགས་གང་ལེགས་བྱེད་པ། བོད་སྐད་ཡིག་ལས་དོན་ལ་བརྟེན་ནས་རང་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་བའི་གལ་ཆེའི་ནུས་པ་ཤེས་རྟོགས་གང་ལེགས་བྱེད་པ་བཅས་བྱས་ཏེ་སྔར་བས་བསམ་བློར་བཅིངས་འགྲོལ་དང་ངོས་འཛིན་མཐོར་གཏོང་གིས་བོད་སྐད་ཡིག་ལས་དོན་ཡག་པོ་སྒྲུབ་རྒྱུའི་འགན་འཁྲི་འཁུར་སེམས་དང་ལས་སྐལ་སྒྲུབ་སེམས་ཤུགས་ཆེར་གཏོང་དགོས་ཞེས་མཛུབ་སྟོན་གནང་ཡོད།

ཚོགས་འདུའི་ཐོག  ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་མཛད་ཕྱོགས་སྲིད་ཇུས་དང་། བཅའ་ཁྲིམས་ཁྲིམས་སྲོལ་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་རིགས་ཁག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་བོད་སྐད་ཡིག་གོང་འཕེལ་འགྲོ་བའི་ཆོས་ཉིད་ལ་བརྩི་འཇོག་བྱས་ཐོག ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་སྐད་ཡིག་གོང་འཕེལ་གཏོང་བའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་བོད་སྐད་ཡིག་སློབ་སྦྱོང་བྱེད་རྒྱུ་སྔོན་འགྲོ་དང་། བེད་སྤྱོད་བྱེད་རྒྱུ་སྲོག་ཤིང་། གོང་འཕེལ་གཏོང་རྒྱུ་ཚེ་སྲོག་བཅས་ཡིན་པའི་ལྟ་བ་བརྟན་པོར་བཙུགས་ནས་བོད་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། ཁྱབ་གདལ། གོང་འཕེལ་བཅས་གཏོང་ཤུགས་སྔར་བས་ཤུགས་ཆེར་གཏོང་དགོས་ཤིང་། སློབ་སྦྱོང་བྱེད་རྒྱུ་དམ་འཛིན་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་བ་དང་། བཀས་བཅད་བྱེད་རྒྱུ་དམ་འཛིན་གྱིས་བོད་སྐད་ཡིག་ཉེར་སྤྱོད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། གོང་འཕེལ་གཏོང་རྒྱུ་དམ་འཛིན་གྱིས་བོད་སྐད་ཡིག་བཀས་བཅད་དང་། ཚད་ལྡན། ཆ་འཕྲིན་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཁྲིམས་ལུགས་དམ་འཛིན་གྱིས་བོད་སྐད་ཡིག་དོ་དམ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་བོད་སྐད་ཡིག་གི་ལས་དོན་ཁག་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག བོད་སྐད་ཡིག་ལས་དོན་ནི་ཆབ་སྲིད་རང་བཞིན་དང་། སྲིད་ཇུས་རང་བཞིན། སྤྱི་ཚོགས་རང་བཞིན། མང་ཚོགས་རང་བཞིན་བཅས་ཧ་ཅང་ཆེ་བའི་ལས་དོན་ཞིག་ཡིན་ཞིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བོད་སྐད་ཡིག་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་རང་སྐྱོང་ལྗོངས་དང་། ས་གནས། རྫོང་བཅས་རིམ་གསུམ་གྱི་བོད་སྐད་ཡིག་དོ་དམ་སྒྲིག་གཞི་འཛུགས་རྒྱུར་ཡོངས་ཁྱབ་ཏུ་བསམ་གཞིགས་བྱས་ནས་ཐག་གཅོད་བྱེད་རྒྱུ་དང་རིམ་ཁག་བོད་སྐད་ཡིག་སྡེ་ཚན་གྱི་འགོ་ཁྲིད་ཚན་ཁག་དྲག་འདེམས་ཧྲག་སྒྲུག་བྱས་ནས་ལས་ཁུངས་ཡོད་པ་དང་། སྒྲིག་གྲངས་ཡོད་པ། མི་སྣ་ཡོད་པ་བཅས་བྱེད་དགོས་པ་དང་། བོད་སྐད་ཡིག་ལས་དོན་དེ་གལ་ཆེའི་ཉིན་རེའི་ལས་ཁོངས་སུ་འཇུག་པ་དང་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྤྱིའི་འཆར་འགོད་ནང་བཅུག་ནས་བོད་སྐད་ཡིག་ལས་དོན་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་རིགས་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་བྱེད་དགོས་པ། ལས་སྒོའི་འགྲོ་གྲོན་མང་དུ་གཏོང་བ་དང་། གཞུང་ལས་སྒྲུབ་སའི་ཁོར་ཡུག་དང་ལས་ཀའི་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུའི་ཐད་དགོས་ངེས་ཀྱི་རྒྱབ་སྐྱོར་བྱས་ནས་ཆ་རྐྱེན་སྐྲུན་དགོས་པ། རིམ་ཁག་བོད་སྐད་ཡིག་ལས་དོན་སྡེ་ཚན་གྱིས་བོད་སྐད་ཡིག་དོ་དམ་བྱེད་པའི་འགན་ནུས་ལག་བསྟར་ནན་ཏན་བྱས་ནས་འབྲེལ་ཡོད་སྡེ་ཚན་དང་ལས་རིགས་དབར་འབྲེལ་གཏུག་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་བོད་སྐད་ཡིག་གི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་སྒོའི་སྡེ་ཚན་གྱིས་གཙོ་འགན་འཁུར་བ་དང་། འབྲེལ་ཡོད་སྡེ་ཚན་གྱིས་གཞོགས་འདེགས་བྱེད་པ། སྤྱི་ཚོགས་ལས་རིགས་ཁག་གིས་རྒྱ་ཁྱབ་ཏུ་ཞུགས་པ་བཅས་ཀྱི་བོད་སྐད་ཡིག་ལས་དོན་གྱི་རྣམ་པ་གསར་པ་ཞིག་ཕྱོགས་ཡོངས་ནས་ཆགས་པ་བྱེད་དགོས་ཞེས་ནན་བཤད་གནང་།

                                                      

ཡིག་སྒྱུར་པ། མིག་དམར་ཕན་ཐོགས།

རྩོམ་སྒྲིག་པ། གདུགས་དཀར་ཚེ་རིང་།