རྔ་བ་ཁུལ་བྱིས་པ་དང་སློབ་གྲྭ་ཆུང་འབྲིང་བོད་རྒྱ་སྐད་གཉིས་ཀློག་དེབ་ཐོག་མར་བཀྲམ་པ།
བྱིས་པ་དང་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་ཀློག་དེབ་དཀོན་པའི་གནད་དོན་ཐག་གཅོད་བྱེད་ཆེད།
༢༠༡༤ལོའི་ཟླ་༩པར།རྔ་བ་ཁུལ་གྱིས་རྒྱལ་ཡོངས་བོད་ཁུལ་དུ་ཐོག་མར་བྱིས་པ་དང་སློབ་གྲྭ་ཆུང་འབྲིང་གི་སྐད་གཉིས་ཀློག་དེབ་རྩོམ་སྒྱུར་བྱེད་འགོ་བརྩམས།
ད་ལོའི་ཟླ༨པར་བོད་རྒྱ་སྐད་གཉིས་ཀྱི་ཀློག་དེབ་རིགས་༥༦གི་རྩོམ་སྒྱུར་ལས་ཀ་ཕྱོགས་ཡོངས་སུ་འགྲུབ་ཅིང་། ཀློག་དེབ་འདི་ཚོའི་ནང་དུ་རྩོམ་སྒྲིག་སྐོར་གྱི་ཀློག་དེབ་དེབ༡༣དང་།
ཡིག་སྒྱུར་སྐོར་གྱི་ཀློག་དེབ་དེབ་༣༠དཔེ་རིས་སྐོར་གྱི་ཀློག་དེབ་དེབ༡༠ སློབ་གྲྭ་ཆུང་འབྲིང་གི་ཀློག་དེབ་དེབ་༣བཅས་ཡོད། མིག་སྔར་ཀློག་དེབ་རིགས་༣༢པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱེད་བཞིན་ཡོད།
ཟླ་༩པའི་ཚེས་༡༦ཉིན།
རྔ་བ་ཁུལ་གྱི་བྱིས་པ་དང་སློབ་གྲྭ་ཆུང་འབྲིང་གི་སྐད་གཉིས་ཀློག་དེབ་ཐོག་མར་རྔ་བ་དང་།
མཛོད་དགེ། ཧོང་ཡོན། འཛམ་ཐང་། ཟུང་ཆུ།
འབར་ཁམས་སོགས་ཀྱི་རྫོང་ཁག་ཏུ་འགྲེམ་སྤེལ་བྱས་རྗེས། སློབ་མ་དང་། དགེ་རྒན། ཁྱིམ་བདག་དགའ་སྤྲོ་ཆེན་པོ་སྐྱེས།
ལྷག་མ་ཀློག་དེབ་རིགས་༢༤དེ་རྒྱུན་མཐུད་ནས་པར་བསྐྲུན་དང་འགྲེམ་སྤེལ་བྱེད་རྒྱུ་ཡིན།
ད་ཐེངས་ཐོག་མར་ཁྱོན་བསྡོམས་དེབ་ཁྲི་༡༢ལྷག་འགྲེམ་སྤེལ་བྱས་ཤིང་། རྩོམ་སྒྱུར་བྱས་པའི་སྐད་གཉིས་ཀློག་དེབ་རིགས་༥༦དེ། “ཡོངས་སུ་ཁེབས་པ་གསུམ་དང་རོགས་ཁྲིད་གཉིས”འཛོམ་ལ། “བྱིས་པའི་ན་ཚོ་ཚང་མར་ཁེབས་པ་དང་།
བྱིས་པའི་ལོ་རིམ་ཚང་མར་ཁེབས་པ།
བྱིས་པའི་ཚན་ཁག་ཚང་མར་ཁེབས་པ་དང་སློབ་ཆུང་སློབ་མའི་སློབ་གསེང་གི་ཀློག་དེབ་ཀྱི་ཟུར་ཁྲིད།
སློབ་འབྲིང་སློབ་མའི་སློབ་གསེང་གི་ཟུར་ཁྲིད”བཅས་ལྡན།
བོད་རྒྱ་སྐད་གཉིས་ཀྱི་ཀློག་དེབ་འདི་ཚོ་ཚང་མ་བྱིས་པའི་སྐད་ཆའི་གོམས་གཤིས་དང་བསྟུན་ཏེ།
ཤེས་བྱ་གལ་ཆེན་ལ་གསར་རྩོམ་དང་། ཁྱད་ཆོས་ལྡན་སར་ཁ་སྣོན་བྱས་ནས།
ནང་དོན་ཕུན་སུམ་ཚོགས་པ་མ་ཟད། གོ་བདེ་ཞིང་ཤེས་སླ་བ་ཡིན་པས།
བོད་མི་རིགས་ཀྱི་རིག་གནས་གོམས་གཤིས་དང་རིན་ཐང་འདུ་ཤེས་སོགས་དང་མཐུན་པ་མ་ཟད།
སློབ་མས་ལྟ་ཀློག་ཡང་སྟབས་བདེ་ཞིང་རྔ་བ་ཁུལ་རང་སའི་མི་རིགས་རིག་གནས་དང་། ཐོན་སྐྱེད།
འཚོ་བའི་རྣམ་པ་དང་སྲོག་ཆགས་རྩི་ཤིང་སོགས་མཚོན་པའི་དཔེ་རིས་༡༥༠༠ཡོད།
རྩོམ་སྒྲིག་ཚན་ཆུང་གིས《བྱིས་པའི་གྲངས་རིག་ཨ་མའི་མཛུབ་རྩིས》དང་《ཀ་མད་སུམ་ཅུའི་རྩེད་འཇོ》《བྱིས་སྒྲུང་པདྨའི་དགའ་ཚལ》《བྱིས་པའི་མིག་གི་དགའ་སྟོན》《དྲི་བ་འབུམ་ཕྲག་མ》སོགས་ཀློག་དེབ༡༣རྩོམ་སྒྲིག་བྱས་ཤིང་།
བྱིས་པ་ཚོས་ཀློག་དེབ་འདི་དག་ལ་ལྟ་ཀློག་བྱས་ན། རྩེད་འཇོའི་ཁྲོད་ནས་གྲངས་ཀ་དག་དང་།
གསལ་བྱེད་སུམ་ཅུ། གནའ་གཏམ།
འཚོ་བ་དང་རང་བྱུང་ཁམས་ཀྱི་ཤེས་བྱ་དག་ཡིད་ལ་ངེས་ཐུབ་པ་དང་།
དགའ་སྤྲོའི་ཀློང་ནས་ཁོ་ཚོའི་སློབ་སྦྱོང་གི་མོས་པ་བསྐྱེད་ཐུབ།
ལོ་ཙཱ་ཚན་ཆུང་གིས་བྱིས་པའི་བློ་སྒོ་འབྱེད་པའི་དཔེ་ཚོགས་དང་།
བྱིས་པའི་ནུས་པ་སྐྱེད་སྲིང་སྐོར་གྱི་དཔེ་ཚོགས་སོགས་རྒྱལ་ཁབ་ཕྱི་ནང་གི་སྐད་གྲགས་ཆེ་བའི་ཀློག་དེབ༣༠བོད་ཡིག་ཏུ་བསྒྱུར་ཡོད།
ཀློག་དེབ་ཡོངས་ཀྱི་ཚོན་མདངས་གསལ་ལ་རི་མོར་སྤྲོ་སྣང་ལྡན་པས།
བྱིས་པའི་ནུས་པ་སྐྱེད་སྲིང་བྱེད་པ་དང་མཉམ་དུ།
དགའ་སྤྲོ་བདེ་སྐྱིད་ཀྱི་ངང་ནས་ཁོ་ཚོར་འཚར་ལོངས་རྒྱས་སུ་འཇུག་ཐུབ།

དཔེ་རིས་ཚན་ཆུང་གིས《ངའི་མིག་ལམ་གྱི་འཇིག་རྟེན》དང་《ལྕོང་ཕྲུག་གིས་ཨ་མ་འཚོལ་བ》《མཐུན་པ་སྤུན་བཞི》《ཕ་དང་བུ》《སན་མའོ་ཡི་འཚོ་བ་གསར་བ》སོགས་ཀློག་དེབ༡༠རྩོམ་སྒྲིག་བྱས་ཤིང་།
ཀློག་དེབ་འདི་ཚོའི་ནང་དུ་མཛེས་ཤིང་ལྟ་ན་སྡུག་པའི་རང་བྱུང་ཁམས་དང་།
རོགས་རམ་བྱམས་སྐྱོང་གི་གོམས་སྲོལ་བཟང་བོ།
ཟོལ་མེད་རྣམ་དག་གི་ཕ་བུའི་བརྩེ་དུང་སོགས་ཡིག་རིས་ཟུང་དུ་སྦྲེལ་ནས་བྱིས་པ་ཚོའི་མིག་མདུན་དུ་བཤམས་ཡོད་པས།
བྱིས་པ་ཚོར་བཞད་གད་ལྷུག་ལྷུག་སློང་ཞིང་གསུབ་དཀའ་བའི་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་པར་གདོན་མི་ཟ།

སློབ་གྲྭ་ཆུང་འབྲིང་གི་ཚན་ཆུང་གིས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཨ་ལེགས་ཀྱི་བརྩམས་ཆོས་ཏེ།《ལས་དབང》དང་།《སྐྱ་ལམ་ཀྱག་ཀྱོག》《གསོམ་པ། སྟག་པ། ཤུག་པ》བཅས་བོད་ཡིག་ཏུ་བསྒྱུར་ཞིང་།
སྒྲུང་གཏམ་འདི་རྣམས་ཚིག་སྦྱོར་ཕུན་སུམ་ཚོགས་ཤིང་ནང་དོན་གོ་སླ་ལ།
སྒྲུང་གཏམ་གྱི་ནང་དུ་མི་དང་མིའི་བར་གྱི་འབྲེལ་བ་དང་།
མི་རྣམས་ཀྱིས་རི་ལུང་བར་གྱི་སྐྱ་ལམ་ཀྱག་ཀྱག་འགྲིམ་པའི་འཚོ་བ་མཇུག་རྫོགས་ཚུལ།
ནགས་ཀླུང་ལ་གཏོར་བརླག་ཐེབས་ཚུལ་བཅས་བྲིས་ཡོད་པས།
སློབ་གྲྭ་ཆུང་འབྲིང་གི་སློབ་མའི་འདོད་བློ་སྐོང་ཐུབ་ངེས།
མཇུག་མཐར།
བྱིས་པའི་བློ་སྒོ་འབྱེད་བྱེད་ཀྱི་གསར་གྱི་ལྡེ་མིག་ལྟ་བུའི་སྐད་གཉིས་ཀློག་དེབ་འདི་དག་གིས་བོད་རིགས་བྱིས་པ་ཚོ་བདེ་ཐང་ངང་ནས་འཚར་ལོངས་རྒྱས་པར་ཕན་པ་རེ་འབྱུང་བར་སྨོན།

བོད་ལྗོངས་རིག་གནས་དྲ་བ་ལས་དྲངས།
འགན་ཁུར་རྩོམ་སྒྲིག་པ་བུ་ཆུང་།



