རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་བརྟག་ཞིབ་ཚོགས་ཆུང་གིས་ཆབ་མདོ་གྲོང་ཁྱེར་གྱི་བོད་སྐད་ཡིག་ལས་དོན་ལ་བརྟག་ཞིབ་ལས་དོན་སྤེལ་བ།

༢༠༡༧ལོའི་ཟླ་༣ཚེས་༢༣ཉིན་ནས་༢༩བར། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན(ཅུད་ཀྲང་)བཅས་ཡིན་པའི་བློ་མཐུན་ནོར་བུས་སྣེ་ཁྲིད་པའི་བརྟག་ཞིབ་ཚོགས་ཆུང་ཆབ་མདོ་གྲོང་ཁྱེར་དང་།
ཁ་རུབ། དཔའ་ཤོད། མཛོ་སྒང་། སྨར་ཁམས། ལྷོ་རོང་། དཔལ་འབར་སོགས་རྫོང་(ཆུད)ཁག་ཏུ་བསྐྱོད་དེ་བོད་སྐད་ཡིག་ལས་དོན་སྤེལ་ཕྱོགས་ཐད་བརྟག་ཞིབ་དང་ཕན་ཚུན་སྤེལ་རེས་བྱས་ཡོད།
ཆབ་མདོ་གྲོང་ཁྱེར་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཀྲུའུ་རེན་(ཅུད་ཀྲང་)བསམ་སྐྱིད་ཀྱིས་ལས་རིམ་ཧྲིལ་པོའི་བརྟག་ཞིབ་ནང་ཞུགས་པ་དང་།
རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)སྐད་ཡིག་དོ་དམ་ཁྲུའུ་དང་ཐ་སྙད་བཀས་བཅད་ཁྲུའུ་ཡི་འབྲེལ་ཡོད་བློ་མཐུན་གྱིས་ལྷ་ས་དང་།
ལྷོ་ཁ། གཞིས་རྩེ། ནག་ཆུ།
མངའ་རིས་སོགས་ས་གནས(གྲོང་ཁྱེར)ཁག་གི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་འགན་འཁུར་བློ་མཐུན་དང་མཉམ་དུ་བརྟག་ཞིབ་དང་སྤེལ་རེས་ཀྱི་ལས་དོན་སྤེལ་བའི་ནང་ཞུགས་ཡོད།
བརྟག་ཞིབ་ཚོགས་ཆུང་གིས་འཚམས་འདྲི་དང་། བརྟག་ཞིབ།
བཞུགས་མོལ་སྤེལ་རེས་བཅས་ཀྱི་རྣམ་པའི་ཐོག་ནས་གོང་གསལ་རྫོང་(ཆུད)ཁག་གི”སྐད་གཉིས”སློབ་སྦྱོང་དང་བེད་སྤྱོད་བྱེད་ཚུལ་དང་།
བོད་སྐད་ཡིག་ལས་དོན་སྡེ་ཚན་གྱི”ཡོད་པ་བཞིའི”ལས་དོན་སྤེལ་ཚུལ།
བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་དོ་དམ་ལ་ལྟ་སྐུལ་ཞབས་ཞུ་བསྒྲུབས་ཚུལ།
དེ་བཞིན་གཞི་རིམ”སྐད་གཉིས”དཔུང་ཁག་འཛུགས་སྐྱོང་བྱེད་ཚུལ་བཅས་ཤེས་རྟོགས་བྱས་པ་མ་ཟད།
རྫོང་(ཆུད)ཁག་གི་གཙོ་འགན་འཁུར་མཁན་བློ་མཐུན་དང་།
བོད་སྐད་ཡིག(རྩོམ་སྒྱུར)སྡེ་ཚན་གྱི་འགན་འཁུར་བློ་མཐུན་འགའ་ཞིག དེ་བཞིན་ལས་དོན་མི་སྣ་བཅས་དང་སྤེལ་རེས་བྱས་ཡོད།
ཐེངས་འདིའི་བརྟག་ཞིབ་བྱས་པ་ལས་ཤེས་རྟོགས་བྱུང་བར།
གཅིག
ཏང་སྲིད་ཀྱིས་ཚད་མཐོའི་མཐོང་ཆེན་དང་རིམ་ཁག་སྡེ་ཚན་གྱིས་ངོས་འཛིན་ཟབ་མོ་ཐུབ་ཡོད་པ།
གྲོང་ཁྱེར་དང་རྫོང་(ཆུད)ཁག་གི་ཏང་སྲིད་འགོ་ཁྲིད་ཀྱིས་བོད་སྐད་ཡིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་།
བོད་སྐད་ཡིག(རྩོམ་སྒྱུར)སྡེ་ཚན་གྱིས་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་བརྒྱུད་བསྒྲགས་དང་ལག་བསྟར་བྱས་ཏེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་དང་།
གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོབ་དང་གོང་འཕེལ་གཏོང་བའི་ཁྲོད་བོད་སྐད་ཡིག་ལས་དོན་གྱི་གལ་ཆེའི་ནུས་པ་དང་ཕུགས་རྒྱང་གི་དོན་སྙིང་ལྡན་ཡོད་པའི་ངོས་འཛིན་གང་ལེགས་ཐུབ་ཡོད།
གྲོང་ཁྱེར་སྲིད་གཞུང་གིས་༢༠༡༥ལོར<<ཆབ་མདོ་གྲོང་ཁྱེར་གྱི་བོད་སྐད་ཡིག་ལས་དོན་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུའི་སྐོར་གྱི་བསམ་འཆར>>བཟོ་འདོན་བྱས་པ་དང་། <<ཆབ་མདོ་གྲོང་ཁྱེར་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་གི་དོ་དམ་བྱ་ཐབས>>ལ་དག་བཅོས་བྱས་པ་མ་ཟད།
ད་ལོའི་ཟླ་༢པར་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་ཞིབ་འཇུག་མོས་མཐུན་བྱུང་ཡོད།
གཉིས། “ཡོད་པ་བཞིའི”ལས་དོན་སྤེལ་བར་འགན་སྲུང་བྱས་པ།
རྫོང་(ཆུད)ཁག་གིས་བོད་སྐད་ཡིག་ལས་དོན་སྡེ་ཚན་གྱི”ཡོད་པ་བཞིའི”ལས་དོན་ཡག་པོ་བསྒྲུབས་ཤིང་།
རྫོང་ཁག་ཚང་མར་ཁོའོ་རིམ་པའི་ལས་དོན་སྒྲིག་གཞི་ལོགས་སུ་བཙུགས་པ་དང་།
སྒྲིག་གྲངས་མི་སྣ་༤-༦བར་བཀོད་སྒྲིག་བྱས་ཡོད་ལ།
ལས་བྱེད་ལས་བཟོ་མང་ཆེ་བ་གཞོན་ནུ་ཤ་སྟག་ཡིན། ལས་སྒོའི་འགྲོ་གྲོན་དེ་ལོ་རེར་ཁྲི་༨ཡན་བཀོད་སྒྲིག་དོན་འཁྱོལ་བྱས་པ་དང་།
རྫོང་(ཆུད)འགའ་རེར་ད་དུང་ལས་དོན་གྱི་ཆེད་སྤྱོད་གྲོན་དངུལ་གཞན་དག་བཏང་ཡོད།
གཞུང་ལས་ཁང་ལོགས་སུ་བཙུགས་པ་དང་གཞུང་ལས་ཁང་གི་སྒྲིག་ཆས་ཆ་རྐྱེན་གྱིས་ལས་ཀའི་དགོས་མཁོ་སྐོང་ཐུབ་ཡོད།
གསུམ། སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་བཟོ་བའི་ཐད་ལྟ་སྐུལ་དང་ཞབས་ཞུ་སྒྲུབ་རྒྱུ་གལ་ཆེ་མཉམ་འཛིན་བྱས་པ།
རྫོང་(ཆུད)ཁག་གིས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ཏེ་རྫོང་(ཆུད)བོད་སྐད་ཡིག(རྩོམ་སྒྱུར)སྡེ་ཚན་གྱིས་བཟོ་ཚོང་དང་།
ཡུལ་སྐོར། གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན་སོགས་སྡེ་ཚན་ཁག་དང་ཟུང་འབྲེལ་བྱས་ནས་ཁྱབ་ཁོངས་ཁག་དང་ལས་རིགས་ཁག་གི་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ལ་ཞིབ་བཤེར་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་བ་དང་།
ཚད་ལྡན་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ཡོད་ལ། རྫོང་(ཆུད)འགའ་རེས”ས་གདན་ལྟ་བུའི”ལེབ་བཤེར་དང་”ས་ཡུལ་དངོས་སུ་ལས་དོན”བསྒྲུབས་ཏེ་དུས་བཀག་བཅོས་སྒྲིག་དང་ཚད་གཞི་མ་ལོན་བར་དུ་བཅོས་སྒྲིག་བྱེད་དུ་བཅུག་ཡོད།
“ཚན་པ་ཆེ་བ་བཞིས”སྒྲུབ་རྒྱུར་སྤྲད་པའི་ཡིག་སྒྱུར་ལས་འགན་ལེགས་གྲུབ་གང་ལེགས་བྱས་པ་དང་དུས་མཚུངས།
ལས་རིགས་ཁག་དང་སྤྱི་ཚོགས་ལས་རིགས་ཁག་ལ་སྤུས་ཚད་ལྡན་པའི་ཡིག་སྒྱུར་ཞབས་ཞུ་བསྒྲུབས་པ་དང་།
རྫོང་(ཆུད)འགའ་རེར་གློག་རྡུལ་ཡིག་སྒམ་ཆེད་འཛུགས་ཀྱིས་དྲ་ཐོག་ཡིག་སྒྱུར་སྤྱད་པར་བརྟེན་སྟབས་བདེ་དང་ཕྱོད་ཆེའི་ཡིག་སྒྱུར་ཞབས་ཞུ་མཁོ་འདོན་བྱེད་ཐུབ་ཡོད།
<<བོད་རྒྱ་ཡིག་རིགས་གཉིས་ཀྱི་ས་གནས་མིང་གཞུང་>>བསྡུ་སྒྲིག་བྱེད་པའི་ལས་དོན་ཧུར་ཐག་སྤེལ་བཞིན་ཡོད།
བཞི། “སྐད་གཉིས”དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་།
“སྐད་གཉིས”སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་ལས་དོན་ལ་སྐུལ་སྤེལ་བཏང་བ།
ལྗོངས་ཕྱི་ནང་གི་གསོ་སྦྱོང་འཛིན་ཁག་ནང་ཧུར་ཐག་ཞུགས་ཏེ་མི་རིགས་ཁག་གི་ལས་བྱེད་པས་ཕན་ཚུན་སྐད་ཡིག་སློབ་སྦྱོང་བྱེད་པར་སྐུལ་མ་དང་དར་སྤེལ་བཏང་བ་དང་།
ལས་བྱེད་ལས་བཟོའི”སྐད་གཉིས”སློབ་སྦྱོང་གི་གསོ་སྦྱོང་འཛིན་གྲྭར་ཤུགས་སྣོན་བརྒྱབ་ཡོད།
རྫོང་འགའ་རེས་སྨྱན་སྦྱོར་གསར་པའི”སྐད་གཉིས”སློབ་སྦྱོང་གི་ལས་སྟེགས་བཏོད་པ་དང་།
རིམ་དབྱེ་ཁག་བགོས་ཀྱི”སྐད་གཉིས”གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་།
ཚོད་རྒྱུགས་ལེན་པ། ཚད་ལོན་གྲུབ་འབྲས་དང་རིམ་པ་གཏན་འཁེལ་བྱེད་པ་བཅས་བྱས་ཏེ”སྐད་གཉིས”ལྟ་ཉན་ཤོད་འབྲིའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད།
རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས”སྐད་གཉིས”སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་ཆུ་ཚད་རིམ་བཞིན་མཐོ་རུ་སོང་ནས་མང་ཚོགས་དང་འབྲེལ་བ་བྱེད་པ་དང་།
མང་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུ་སྟབས་བདེར་སོང་བས་མི་རིགས་ཁག་གི་མང་ཚོགས་ཀྱིས་དགའ་བསུ་ཐོབ་ཡོད།
བརྟག་ཞིབ་བྱེད་རིང་།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་།
ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ།
ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་བློ་མཐུན་ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་བརྟག་ཞིབ་ཚོགས་ཆུང་དང་མཇལ་འཕྲད་གནང་ཁར།
ཁོང་གིས་ཏང་གི་མང་ཚོགས་ལས་དོན་དང་། མི་རིགས་ལས་དོན། མི་རིགས་རིག་གནས་གོང་འཕེལ།
སྐད་ཡིག་རིག་གནས་ཕུན་སུམ་ཚོགས་སུ་གཏོང་བ།
ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་མོས་སེམས་བཅས་ཀྱི་ཚད་མཐོའི་ཐོག་ནས་རྩོམ་སྒྱུར་ལས་ཀའི་གལ་ཆེའི་རང་བཞིན་བགྲོ་གླེང་གནང་བ་མ་ཟད།
ད་དུང་ཁོང་གིས”ཆབ་མདོ་འདི་ཉིད་བོད་སྐད་ཡིག་ལས་དོན་ཐད་རྒྱུ་རྐྱེན་སྣ་ཚོགས་ལས་ལྷ་ས་དང་།
ལྷོ་ཁ། གཞིས་རྩེ་སོགས་ས་གནས་ཁག་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཡོད།
ང་ཚོའི་རྩོམ་སྒྱུར་ཁོངས་གཏོགས་ནང་བོད་སྐད་ཡིག་གི་རྨང་གཞི་ཟབ་མོ་ལྡན་པ་དང་།
རྩོམ་སྒྱུར་ཆུ་ཚད་མཐོ་བ། ལྷག་པར་དུ་བོད་སྐད་ཡིག་གི་རིག་གནས་བསྔོག་འཚོལ་དང་།
ཕུན་སུམ་ཚོགས་སུ་གཏོང་བ།
གོང་འཕེལ་དང་རྒྱུན་འཛིན་བྱེད་རྒྱུ་བཅས་ཀྱི་ཐད་གལ་ཆེའི་ནུས་པ་འདོན་མཁན་དང་།
སྐུལ་སྤེལ་གཏོང་མཁན། གསར་གཏོད་བྱེད་མཁན་བཅས་ཀྱི་ཤེས་ལྡན་པ་ལྡེང་གི་མེད། ཕྱིས་འབྱུང་ང་ཚོས་དེའི་ཐད་ཤུགས་རྒྱག་རྒྱུ་ཡིན”ཞེས་བཏོན་གནང་ཡོད།
བརྟག་ཞིབ་ཚོགས་ཆུང་གིས་རྫོང་(ཆུད)ཁག་གི་གཙོ་བོའི་འགོ་ཁྲིད་དང་འགན་བགོས་བློ་མཐུན་དབར་སྤེལ་རེས་གང་ལེགས་བྱས་ཏེ་བོད་སྐད་ཡིག་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་བྱས་པ་དང་།
འབྲེལ་ལྷག་པའི་གནད་དོན་ལ་བསམ་འཆར་བརྗེ་རེས་བྱས་ཡོད།
རེ་བར་རྫོང་(ཆུད)ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་།
ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ།
ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་བློ་མཐུན་ནོར་བུ་དོན་གྲུབ་ཀྱིས་བརྟག་ཞིབ་ཚོགས་ཆུང་དང་མཇལ་འཕྲད་གནང་སྐབས་ཀྱི་གལ་ཆེའི་གསུང་བཤད་དགོངས་དོན་དང་།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ།
ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཀྲུའུ་རེན་གཞོན་པ་བློ་མཐུན་ལྕགས་ར་བློ་བཟང་བསྟན་འཛིན་གྱིས་ཆབ་མདོའི་བོད་སྐད་ཡིག(རྩོམ་སྒྱུར)ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་སྟེ།
དེ་ཡང་གཅིག་ནི་རྫོང་(ཆུད)ཁག་གིས་བོད་སྐད་ཡིག(རྩོམ་སྒྱུར)ལས་དོན་གྱི་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ངོས་འཛིན་སྔར་བས་མཐོར་གཏོང་དང་།
བསམ་བློ་གཅིག་གྱུར།
མཐུན་སྦྱོར་མཉམ་ལས་བཅས་བྱས་ཏེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་དགོས། གཉིས་ནི་རྫོང་(ཆུད)ཁག་གིས<<ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བོད་སྐད་ཡིག་ལས་དོན་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུའི་སྐོར་གྱི་བསམ་འཆར>>ལ་གཞིགས་ཏེ་མ་དངུལ་ཤུགས་ཆེར་བཏང་ནས”ཡོད་པ་བཞིའི”ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས།
གསུམ་ནི་རིམ་ཁག་བོད་སྐད་ཡིག(རྩོམ་སྒྱུར)སྡེ་ཚན་གིས་བོད་རྒྱ་ཡིག་སྒྱུར་གྱི་ཆེད་ལས་ཤེས་ལྡན་པའི་དཔུང་ཁག་གི་ལས་སྒོའི་བྱང་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་དང་།
ལས་བྱེད་ལས་བཟོའི་སྒྲིག་འཛུགས་མཐུན་སྦྱོར་ནུས་པ་སོགས་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་སྟེ”སྐད་གཉིས”ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཐོག
དུས་སྐབས་གསར་པ་དང་རྒྱུན་རྣམ་གསར་པ་དང་འཚམ་པའི་བོད་སྐད་ཡིག(རྩོམ་སྒྱུར)ལས་དོན་ལ་གསར་དུ་མཁོ་བའི་ཤེས་ལྡན་པ་གསོ་སྦྱོང་བྱེད་པའི་ལམ་ལུགས་འཚོལ་ཞིབ་ཧུར་ཐག་བྱེད་དགོས།
བཞི་ནི་རིམ་ཁག་བོད་སྐད་ཡིག(རྩོམ་སྒྱུར)སྡེ་ཚན་གྱིས<<ཆབ་མདོ་གྲོང་ཁྱེར་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་དོ་དམ་བྱ་ཐབས>>ཀྱི་འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་ནུས་ལྡན་བྱས་ཏེ་སྒྲིག་འཛུགས་ཞིབ་ཚགས་དང་།
དྲིལ་བསྒྲགས་ཤུགས་ཆེ། དོན་འཁྱོལ་ནན་པོ་བཅས་བྱས་ཐོག
ནུས་ཤུགས་ཡོད་རྒུས་བོད་སྐད་ཡིག་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སྐུལ་འདེད་གཏོང་དགོས།
བརྟག་ཞིབ་བྱེད་རིང་། ཀྲུའུ་རེན(ཅུད་ཀྲང་)ནོར་བུས་བརྟག་ཞིབ་ཚོགས་ཆུང་དང་མཉམ་དུ་དཔལ་འབར་རྫོང་ར་ཡུལ་ཤང་དུ་བསྐྱོད་དེ་བོད་སྐད་ཨུད་གཞུང་ལས་ཁང་(ཅུད)གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་གཟིགས་ཞིབ་གནང་ཡོད།
ཉིན་དེར་ར་ཡུལ་ཤང་གིས”༣.༢༨”དྲན་གསོའི་བྱེད་སྒོ་སྤེལ་བཞིན་ཡོད་པས་བརྟག་ཞིབ་ཚོགས་ཆུང་གིས་དྲན་གསོའི་བྱེད་སྒོའི་ནང་ཞུགས་པ་མ་ཟད།
ཤང་ཏང་ཨུད་དང་སྲིད་གཞུང་གི་འགན་འཁུར་མི་སྣ་དང་བཞུགས་མོལ་གནང་བ་དང་།
ཞོར་དུ་ཁང་(ཅུད)ཏང་ཙུའུ་ཡི་ཚབ་ཞུས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་གཟིགས་པ་དང་འཚམས་འདྲིའི་དངུལ་སྒོར་༢༠༠༠སྤྲད་ཡོད།
ད་དུང་ལས་ཀ་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཁར། ཁང་(ཅུད)བུད་མེད་ཨུ་ལྷན་གྱིས་གཉེར་བའི”གསུམ་བརྒྱད”བུད་མེད་དུས་ཆེན་གྱི”བུད་མེད་རོགས་རམ་ཚོགས་པས་ཤ་དཀོན་གྲོང་ཚོར་བརྩེ་སེམས་འཆང་བ”ཞེས་པའི་གཅེས་སེམས་ཞལ་འདེབས་བྱེད་སྒོའི་ཞལ་འདེབས་སྒོར་༥༡༠༠གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་སྤྲད་ཡོད།



