བོད་ལྗོངས་ལོ་ཙྰ་མཐུན་ཚོགས་ཀྱི་སྐབས་བཞི་པའི་ལས་འཛིན་ཚོགས་འདུ་ཐེངས་བཞི་པ་ལྷ་སར་སྐོང་འཚོགས་བྱས་པ།

༢༠༡༧ལོའི་ཟླ་བ་༡༢་པའི་ཚེས་༢༢ཉིན།
བོད་ལྗོངས་ལོ་ཙྰ་མཐུན་ཚོགས་ཀྱི་སྐབས་བཞི་པའི་ལས་འཛིན་ཚོགས་འདུ་ཐེངས་བཞི་པ་དེ་ལྷ་ས་རྩེད་ཐང་གསོལ་མགྲོན་ཁང་དུ་སྐོང་འཚོགས་བྱས་པ་རེད།
ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ།
ཀྲུའུ་རེན་(ཅུད་ཀྲང་)ནོར་བུ།
བོད་ལྗོངས་ལོ་ཙྰ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རྡོ་རྗེ་ཚེ་རིང་། བཀྲ་ཤིས་དཔལ་ལྡན།
སྐལ་བཟང་ཡོན་ཏན། ཐར་དགའ། རྐང་བཙུགས་བཅས་དང་།
བོད་ལྗོངས་ལོ་ཙྰ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་དྲུང་ཆེ་གཞོན་པ་ལྷག་ཆུང་། ལོ་ཙྰའི་མཁས་དབང་ཆེན་མོ།
བོད་ལྗོངས་ལོ་ཙྰ་མཐུན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བཞི་པའི་བློ་འདྲིའི་མི་སྣ་དབང་ཕྱུག་བཅས་ཚོགས་འདུར་ཕེབས་ཡོད་པ་དང་། གཞན་ཡང་། བོད་ལྗོངས་ལོ་ཙྰ་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་རྒྱུན་ལས་ལས་འཛིན།
ལས་འཛིན། བོད་ལྗོངས་ལོ་ཙྰ་མཐུན་ཚོགས་ཀྱི་བློ་འདྲིའི་མི་སྣ་དང་ལོ་ཙའི་མཁས་དབང་ཆེན་མོའི་འཐུས་ཚབ།
ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ་ཐོབ་མཁན་བཅས་ཁྱོན་མི་གྲངས་༩༠ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུ་འགོ་ཚུགས་མ་ཐག་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་(ཅུད་ཀྲང)ནོར་བུས་ཕྱོགས་ལྔའི་ཐད་ནས་༢༠༡༧ལོའི་ལོ་ཙྰ་མཐུན་ཚོགས་ཀྱི་ལས་དོན་ལ་མཇུག་བསྡོམས་གནང་བ་དང་། ༢༠༡༨ལོའི་ལོ་ཙྰ་མཐུན་ཚོགས་ཀྱི་ལས་ཀའི་འཆར་གཞི་གཏན་འཁེལ་གནང་ཡོད་པ་རེད།
གཞན་ཡང་། ཚོགས་འདུའི་ཐོག་བོད་ལྗོངས་ལོ་ཙྰ་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ལྷག་ཆུང་གིས་རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙྰའི་རིག་གཞུང་དཔྱད་རྩོམ་ཚོགས་འདུའི་ཕུལ་བྱུང་གི་བྱ་དགའ་ཐོབ་པའི་སྒྲོག་སྦྱང་གནང་ཞིང་། བསྟན་པ་ཕྱི་དར་དུས་ཀྱི་ལོ་ཙྰའི་ལོ་རྒྱུས་ཀྱི་ཞིབ་འཇུག་སོགས་ཕུལ་བྱུང་དཔྱད་རྩོམ་ཁག་དགུ་ལ་གཟེངས་བསྟོད་བྱས་པ་དང་ཚོགས་གཙོ་གཞོན་པ་སྐལ་བཟང་ཡོན་ཏན་གྱིས་བོད་ལྗོངས་ལོ་ཙྰ་མཐུན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བཞི་པའི་མི་དོན་སྒྱུར་སྒྲིག་དང་ཁ་གསབ་བྱས་ཚུལ་གསལ་བཤད་བྱས་པ། བོད་ལྗོངས་ལོ་ཙྰ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཀྲ་ཤིས་དཔལ་ལྡན་གྱིས་བོད་ལྗོངས་ལོ་ཙྰ་ཐམཐུན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བཞི་པའི་༢༠༡༧ལོའི་ནོར་སྲིད་གཏོང་ཡོང་གི་སྙན་ཞུ་ཁྱབ་བསྒྲགས་བཅས་བྱས་ཡོད་པ་རེད།
མཇུག་ཏུ། བོད་ལྗོངས་ལོ་ཙྰ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་འཇམ་དབྱངས་མཆོག་རྒྱལ་གྱིས་ད་ཐེངས་ཀྱི་ཚོགས་འདུར་མཇུག་བསྡོམས་དང་སྦྲགས་བོད་ལྗོངས་ལོ་ཙྰ་མཐུན་ཚོགས་ཀྱི་ཁོངས་མི་རྣམས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཡང་དག་པའི་མཛུབ་སྟོན་འོག། བོད་ལྗོངས་ཀྱི་ལོ་ཙྰའི་བྱ་གཞག་འདི་ཉིད་སྔར་ལས་ལྷག་པའི་གོང་འཕེལ་ཡོང་བའི་རེ་བ་དང་སྐུལ་མ་གནང་ཡོད།



