༢༠༡༧ལོའི་གཞི་རིམ་རྒྱ་བོད་སྐད་གཉིས་ལོ་ཙྰའི་སྦྱོང་བརྡར་འཛིན་གྲྭ་ཐུགས་གྲ་ལེགས་འགྲིག་བྱུང་བ།
༢༠༡༧ལོའི་ཟླ་བ་༡༢་པའི་ཚེས་༡༧ཉིན།
༢༠༡༧ལོའི་ལྗོངས་ཡོངས་ཀྱི་གཞི་རིམ་རྒྱ་བོད་སྐད་གཉིས་ལོ་ཙྰའི་སྦྱོང་བརྡར་འཛིན་གྲྭའི་སློབ་སྦྱོང་མཇུག་སྒྲིལ་བའི་མཛད་སྒོ་ཆབ་མདོར་འཚོགས་ཤིང་དུས་ཡུན་ཉིན་བདུན་གྱི་སྦྱོང་བརྡར་འཛིན་གྲྭ་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད།
ཐེངས་འདི་སྦྱོང་བརྡར་འཛིན་གྲྭ་ནི་རྒྱལ་ཁབ་སློབ་གསོ་སྲིད་འཛིན་སློབ་གླིང་དང་བོད་རང་སྐྱོང་སྦྱོང་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་འགན་འཁུར་གཙོ་གཉེར་དང་ཆབ་མདོ་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་གཙོ་སྒྲུབ་འགན་འཁུར་བ།
སློབ་གསོ་པུའུ་མི་དོན་སི་དང་ལྗོངས་ཏང་ཨུད་རྩ་འཛུགས་པུས་རྒྱབ་སྐྱོར་ཤུགས་ཆེ་གནང་བ།
ཆབ་མདོ་གྲོང་ཁྱེར་ཐད་གཏོགས་ཚན་པ་དང་ཆབ་མདོའི་རྫོང་ཁག་གི་འབྲེལ་ཡོད་ཚན་པ།
ཉིང་ཁྲི་གྲོང་ཁྱེར་དང་དང་ནག་ཆུ་ས་གནས་ཀྱི་རྫོང་དང་འབྲེལ་ཡོད་ཚན་པ་འགའ་ཞིག་གི་མི་གྲངས་དང་བཅས་ཁྱོན་མི་གྲངས་༥༠སྦྱོང་བརྡར་སྤྲས་ཡོད་།
སྦྱོང་བརྡར་འཛིན་གྲྭའི་སློབ་སྦྱོང་མཇུག་སྒྲིལ་མཛད་སྒོ་སྤེལ་ཞིང་ཆབ་མདོ་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་གཞུང་ལས་ཁང(རྩོམ་སྒྱུར་ཅུད)་ཏང་ཙུའི་ཧྲུའུ་ཅི་ངག་དབང་དོན་ལྡན་དང་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཚན་ཞིབ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲེང་ཝེ་ཀྲུང་།
ཆབ་མདོ་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་བརྟག་ཞིབ་པ་བཀྲ་ཤིས་དཔལ་ལྡན་བཅས་མཇུག་སྒྲིལ་མཛད་སྒོར་ཕེབས་ཡོད།
ཧྲུའུ་ཅི་ངག་དབང་དོན་ལྡན་གྱིས་མཇུག་སྒྲིལ་མཛད་སྒོ་གཙོ་སྐྱོང་གནང་བ་དང་སྦྱོང་བརྡར་ནང་ཞུགས་མཁན་སློབ་མ་གསུམ་གྱིས་སློབ་སྦྱོང་གི་མྱོང་བ་སྤེལ་རེས་ཀྱི་གཏམ་བཤད་བྱས་པ།
ཁྲུའུ་ཀྲང་ཀྲེང་ཝེ་ཀྲུང་གིས་མཇུག་བསྡོམས་ཀྱི་གསུང་བཤད་གནང་བ་དང་ཆབས་ཅིག སློབ་མ་རྣམས་ལ་སློབ་སྦྱོང་མཇུག་སྒྲིལ་བའི་ལག་ཁྱེར་ཡང་གནང་བ་རེད།
དུས་ཡུན་ཉིན་བདུན་གྱི་སྦྱོང་བརྡར་འཛིན་གྲྭའི་སློབ་སྦྱོང་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། མི་རིགས་སྲིད་ཇུས། བོད་ཀྱི་བརྡ་སྤྲོད།
ལོ་ཙྰའི་གཞུང་ལུགས། སྒྱུར་ཐབས། གཞུང་ཡིག་འབྲི་སྟངས། བོད་ཡིག་ཆ་འཕྲིན་ཅན་གྱི་སློབ་ཚན་སོགས་བཀོད་སྒྲིག་བྱས་ཡོད་པ་དང་ཐེངས་འདིའི་སྦྱོང་བརྡར་འཛིན་གྲྭ་ནི་གཅིག་བསྡུས་མཉམ་རུབ་ཀྱིས་སློབ་ཁྲིད་བྱ་ཐབས་གཙོ་བོར་བཟུང་ནས་ཆེད་དོན་འཆད་ཁྲིད་དང་བགྲོ་གླེང་།
ས་ཡུལ་དངོས་སུ་སློབ་སྦྱོང་བརྟག་ཞིབ་ཏུ་བསྐྱོད་པ་བཅས་སྣེ་མང་ཕུན་སུམ་ཚོགས་པའི་སྒོ་ནས་སྤེལ་ཡོད་།
ཐེངས་འདིའི་སྦྱོང་བརྡར་འཛིན་གྲྭ་གཉེར་བ་བརྒྱུད། གཞི་རིམ་སྐད་གཉིས་ལོ་ཙྰའི་སློབ་མ་རྣམས་ཀྱིས་ལོ་ཙྰའི་གཞུང་ལུགས་ཀྱི་གལ་ཆེའི་རང་བཞིན་དང་ལོ་ཙྰ་བའི་འགན་འཁྲི།
ལོ་ཙྰ་བྱ་ཐབས། ལོ་ཙྰ་བར་ཚང་དགོས་པའི་ཆ་རྐྱེན། ལོ་ཙྰའི་གཞུང་ལུགས་སློབ་སྦྱོང་གི་གལ་ཆེའི་རང་བཞིན་སོགས་ཀྱི་སྐོར་ལ་ཕན་པ་ངེས་ཅན་ཐོན་ཡོད་པ་དང་།
སྦྱོང་བརྡར་ནང་ཞུགས་མཁན་སློབ་མ་ཚོས་དེ་ལྟ་བུའི་སྦྱོང་བརྡར་གང་མང་གཉེར་རྒྱུའི་རེ་བའང་བཏོན་ཡོད་།



