རྒྱལ་ཁབ་སྐད་ཡིག་དཔེ་སྐྲུན་ཁང་གིས་བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་ལས་དོན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ལ་པར་འདེབས་སྒྲིག་ཆས་རོགས་སྐྱོར་གནང་བ།

༢༠༡༨ལོའི་ཟླ་དང་པོའི་ཚེས་༤ཉིན། རྒྱལ་ཁབ་སྐད་ཡིག་དཔེ་སྐྲུན་ཁང་གིས་བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་ལས་དོན་གཞུང་ལས་ཁང་ལ་རོགས་སྐྱོར་ཏུ་ཕུལ་བའི་པར་འདེབས་དེབ་བཟོའི་འཕྲུལ་ཆས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དུ་འབྱོར་བ་དང་།
དེ་ནི་རྒྱལ་ཁབ་སྐད་ཡིག་དཔེ་སྐྲུན་ཁང་གི་རྒྱ་ཆེའི་ལས་བཟོ་ལས་བྱེད་རྣམས་ཀྱིས་བོད་ལ་བཅངས་བའི་དྭངས་གཙང་ལྷད་མེད་ཀྱི་བརྩེ་བ་ཟབ་མོ་མཚོན་ཡོད།
དུས་རབས་འཕེལ་རྒྱས་དང་བསྟུན་ནས་བོད་སྐད་ཨུད་ཀྱི་ལས་ཀ་ཇེ་མང་དང་འགན་འཁྲི་ཇེ་ཆེར་འགྲོ་བཞིན་ཡོད།
ལྷག་པར་དུ་གལ་ཆེའི་ཚོགས་འདུ་སྐོང་ཚོགས་བྱེད་པའི་སྐབས་ཀྱི་ཡིག་སྒྱུར་དང་པར་འདེབས་ལས་ཀའི་འགན་ཡང་འཁུར་དགོས་པས།
པར་འདེབས་དེབ་བཟོའི་འཕྲུལ་ཆས་འདི་ལྟ་བུ་ཞིག་དགོས་རྒྱུ་ནི་ལྗོངས་བོད་སྐད་ཨུད་ལས་བྱ་ཡོངས་ཀྱི་ཡུན་རིང་གི་བསམ་འདུན་པ་ཀྱང་ཡིན།
རྒྱལ་ཁབ་སྐད་ཡིག་དཔེ་སྐྲུན་ཁང་གི་འབྲེལ་ཡོད་དབུ་ཁྲིད་ཀྱིས་གནད་དོན་དེ་ཤེས་རྟོགས་བྱུང་རྗེས།
གྲོས་བསྡུར་ཐེངས་མང་བྱས་ཤིང་། ཆེད་མི་མངགས་ཏེ་ཁྲོམ་རྭར་བརྟག་ཞིབ་བྱས་མཐར། བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་དགོས་མཁོ་བཞིན་པར་འདེབས་དེབ་བཟོའི་འཕྲུལ་ཆས་ཉོ་སྒྲུབ་གནང་།
བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ལས་བྱས་བརྗོད་པར།
ད་ཐེངས་རྒྱལ་ཁབ་སྐད་ཡིག་དཔེ་སྐྲུན་ཁང་གིས་འདི་ལོའི་ཚོགས་འདུ་གཉིས་ཀྱི་གོང་དུ་སྒྲིག་ཆས་འདི་ལྟ་བུ་ཞིག་གནང་བ་དེས་༢༠༡༨ལོའི་ཚོགས་འདུ་གཉིས་ཀྱི་འབྲེལ་ཡོད་ལས་དོན་གྱི་ལས་ཕྱོད་མཐོ་རུ་འགྲོ་ཐུབ་པ་མ་ཟད་།
ངལ་ནུས་འབོར་ཆེན་ལ་བཅིངས་འགྲོལ་གཏོང་རྒྱུ་རེད་ཅེས་གསུངས།
རྒྱལ་ཁབ་སྐད་ཡིག་དཔེ་སྐྲུན་ཁང་གིས་བོད་སྐྱོར་ལས་དོན་ལ་མཐོང་ཆེན་ཚད་མེད་གནང་ཞིང་།
༢༠༡༦ལོ་ནས་བཟུང་བོད་སྐྱོར་ལས་བྱེད་པ་མངག་གཏོང་གནང་བ་མ་ཟད། བོད་སྐྱོར་བྱེད་ཤུགས་ཀྱང་ལོ་རེ་བཞིན་ཤུགས་ཆེ་རུ་གཏོང་གི་ཡོད།



