བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་རྟོག་ཞིབ་ལས་དོན་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་གྱི་རྗོང་དང་ཚན་པ་ཁག་ཅིག་ལ་ཕེབས་ནས་རྟོག་ཞིབ་ལས་དོན་སྤེལ་བ།
ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩམ་སྒྱུར་ཅུད)ཏང་ཙུའི་ལས་དོན་བཀོད་སྒྲིག་བཞིན། ༢༠༡༨ལོའི་ཟླ་༣་ཚེས་༡༩ནས་༢༡བར་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཀྱི་ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)ཕུར་བུ་བསམ་གྲུབ་ཀྱིས་སྣེ་ཁྲིད་གནང་བའི་ལས་དོན་རྟོག་ཞིབ་ཚོགས་ཆུང་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུད་དང་། སྙེ་མོ་རྫོང་། ཆུ་ཤུར་རྫོང་། སྟོད་ལུང་བདེ་ཆེན་ཆུད། ལྷ་ས་དགེ་འོས་མཐོ་རིམ་ཆེད་ལས་སློབ་གྲྭ། མལ་གྲོ་གུང་དཀར་རྫོང་བཅས་སུ་ཕེབས་ནས་བོད་སྐད་ཡིག་ལས་དོན་སྤེལ་ཚུལ་སྐོར་ལ་གཟིགས་སྐོར་རྟོག་ཞིབ་གནང་བ་རེད།
ཐེངས་འདིའི་རྟོག་ཞིབ་ཚོགས་ཆུང་གིས་བཞུགས་མོལ་ཚོགས་འདུ་འཚོགས་ནས་སྙན་ཞུ་ཉན་པ་དང་འབྲེལ་ཡོད་ཡིག་ཆ་བལྟ་བཤེར་བྱེད་པ། ས་ཡུལ་དངོས་སུ་རྟོག་ཞིབ་བྱེད་པ་བཅས་ཀྱི་བྱ་ཐབས་ལ་བརྟེན་ནས་ཚན་པ་ཁག་གིས《བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གཏན་འབེབས》དང་《སྔར་ལས་ལྷག་པའི་སྒོ་ནས་བོད་སྐད་ཡིག་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་ཀྲུང་གུང་ལྷ་ས་གྲོང་ཨུད་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བསམ་འཆར》ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་གཟིགས་སྐོར་རྟོག་ཞིབ་གནང་བ་དང་ཆབས་ཅིག་བོད་སྐད་ཡིག་གི་རྒྱུད་འཛིན་དང་སྤྱི་ཚོགས་སྤྱོད་ཡིག་གི་ཞབས་ཞུ། བོད་སྐད་ཡིག་ལས་དོན་ཚན་པས་“ཡོད་པ་བཞི”དོན་འཁྱོལ་བྱས་པ་སོགས་ཀྱི་ཐད་འབྲེལ་ཡོད་མི་སྣ་དང་བསམ་འཆར་སྤེལ་རེས་གནང་བ་རེད། རྟོག་ཞིབ་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་གྱི་བོད་སྐད་ཡིག་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མེད་གནང་བ་དང་སྦྲགས། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཀྱི་ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)ཕུར་བུ་བསམ་གྲུབ་ཀྱིས་བོད་སྐད་ཡིག་གི་རྒྱུད་འཛིན་དང་། སྤྱི་ཚོགས་སྤྱོད་ཡིག་དོ་དམ། ལས་དོན་མི་སྣའི་སྒྲིག་སྦྱོར། ལས་ཁུངས་ཀྱི་སྒྲིག་གཞི་འཐུས་ཚང་། ལས་སྒྲུབ་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་སོགས་ཀྱི་ཐད་བསམ་འཆར་དང་བླང་བྱ་ཡང་བཏོན་གནང་བ་རེད།



