༢༠༡༨ལོའི་བོད་ལྗོངས་མཐའ་མཚམས་འགག་སྒོའི་སྤྱི་ཚོགས་སྤྱོད་ཡིག་ལས་དོན་མཉམ་འབྲེལ་རྟོག་ཞིབ་རྣམ་གྲངས་ཀྱི་མཐུན་སྦྱོར་ཚོགས་འདུ་ལྷ་སར་སྐོང་འཚོགས་གནང་བ།

༢༠༡༨ལོའི་ཟླ་༤ཚེས་༡༢ཉིན། ནུབ་བྱང་མི་རིགས་སློབ་ཆེན་གྱི་འབྲེལ་ཡོད་དབུ་ཁྲིད་ངེད་གཞུང་ལས་ཁང་དུ་ཕེབས་ནས་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་གི་ཚན་ཞིབ་རྣམ་གྲངས་དོ་དམ་ཚན་པའི་བློ་མཐུན་དང་ལྷན་དུ་༢༠༡༨ལོའི་བོད་ལྗོངས་ཀྱི་མཐའ་མཛམས་འགག་སྒོའི་སྤྱི་ཚོགས་སྤྱོད་ཡིག་ལས་དོན་ལ་མཉམ་འབྲེལ་རྟོག་ཞིབ་གནང་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་གནང་བ་རེད།
ཐེངས་འདིའི་ཚོགས་འདུའི་ཐོག་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་བློ་མཐུན་ཝང་ཀྲེན་ཀོ་ཡིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོས་བོད་ལྗོངས་ཀྱི་མཐའ་མཚམས་འགག་སྒོའི་སྤྱི་ཚོགས་སྤྱོད་ཡིག་རྟོག་ཞིབ་ལས་དོན་ལ་མཐོང་ཆེན་ཚད་མེད་གནང་བཞིན་ཡོད་པའི་སྐོར་ཚོགས་ཞུགས་མི་སྣར་གསལ་འགྲེལ་ཞུས་པ་དང་སྦྲགས།
ཐེངས་འདིའི་ལས་དོན་ལ་གྲུབ་འབྲས་ཕུལ་དུ་བྱུང་བ་ཐོན་རྒྱུའི་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུངས་ཡོད།
ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་ཚན་ཞིབ་ཁྲུའི་ཁྲུའུ་ཀྲང་ཀྲེང་ཝེ་ཀྲུང་གིས་ཚོགས་འདུའི་ཐོག་༢༠༡༧ལོའི་ལྷོ་ཁ་དང་ཉིང་ཁྲིའི་མཐའ་མཚམས་འགག་སྒོའི་སྤྱི་ཚོགས་སྤྱོད་ཡིག་རྟོག་ཞིབ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་གནང་བ་དང་ཆབས་ཅིག་༢༠༡༨ལོར་གཞིས་རྩེ་དང་མངའ་རིས་ཀྱི་མཐའ་མཚམས་འགག་སྒོའི་སྤྱི་ཚོགས་སྤྱོད་ཡིག་རྟོག་ཞིབ་ལས་དོན་གྱི་འཆར་གཞི་བརྒྱུད་བསྒྲགས་གནང་བ་རེད།
ཚོགས་འདུ་མཇུག་སྒྲིལ་ཁར། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་གི་ཀྲུའུ་རེན(ཅུད་ཀྲང་)ནོར་བུས་སློབ་གསོ་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་ལ་ཐུགས་འཁུར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག བོད་སྐད་ཡིག་ལས་དོན་འདི་ཉིད་གོང་རིམ་ཚན་པ་གཉིས་ཀྱི་རྒྱབ་སྐྱོར་གནང་བའི་གོ་སྐབས་དམ་པོར་བཟུང་ནས་བོད་ལྗོངས་ཀྱི་སྐད་གཉིས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ཡག་པོ་བྱ་རྒྱུའི་ཐད་རང་ཉིད་ཀྱི་བསམ་ཚུལ་གསུངས་གནང་ཡོད།



