无障碍阅读 关怀版

སྤྲོ་སྣང་དོད་པོས་བོད་སྐད་སྦྱོང་ཞེས་པའི་གསར་སྤེལ་རྣམ་གྲངས་ཀྱི་གྲོས་དན་ལ་མིང་རྟགས་ལ་བཀོད་པ།

དུས་ཚོད། 2018-05-15 རྩོམ་པ་པོ ཉི་མ་དོན་གྲུབ། རྩོམ་སྒྲིག ཚན་ཞིབ་ཁྲུའུ།

    ༢༠༡༨ལོའི་ཟླ་༥ཚེས་༡༡ཉིན། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་སྤྲོ་སྣང་དོད་པོས་བོད་སྐད་སྦྱོང་ཞེས་པའི་སྨྱན་མང་མཉེན་ཆས་གསར་སྤེལ་ལས་དོན་ཚོགས་འདུ་སྐོང་འཚོགས་གནང་བ་རེད། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་(ཅུད་ཀྲང་)ནོར་བུ་དང་། རྣམ་གྲངས་གསར་སྤེལ་ཚད་ཡོད་ཀུང་སི་ཧྲང་ཧའེ་ཧུད་ལུང་རྩིས་འཁོར་མ་ལག་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་འགོ་འཛིན་ཀྲང་ཅྰ་ཧྭ་དང་བཅས་འབྲེལ་ཡོད་མི་སྣ། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཚན་ཞིབ་ཁྲུའི་ལས་བྱ་ཡོངས་བཅས་ཐེངས་འདིའི་ཚོགས་འདུར་བཞུགས་ཤིང་། ཚན་ཞིབ་ཁྲུའི་ཁྲུའུ་ཀྲང་ཀྲེང་ཝེ་ཀྲུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ཧྲང་ཧའེ་ཧུད་ལུང་རྩིས་འཁོར་མ་ལག་ཚད་ཡོད་ཀུང་སིའི་འབྲེལ་ཡོད་མི་སྣས་རྣམ་གྲངས་གསར་སྤེལ་གྱི་ལག་རྩལ་ཐད་ནས་བསམ་འཆར་བགྲོ་གླེང་གནང་བ་དང་། ནོར་བུས་རྣམ་གྲངས་འདི་ནི་བོད་སྐད་སྦྱོང་བ་ཙམ་མ་ཟད། རྒྱ་བོད་མི་རིགས་གཉིས་དབར་མཛའ་མཐུན་གྱི་འབྲེལ་ལམ་འཛུགས་པའི་ལམ་བུ་ཡག་པོ་ཞིག་ཡིན་ཞིང་། ཧྲང་ཧའེ་སྐད་ཡིག་ཨུ་ཡོན་ལྷན་ཁང་དང་། རྒྱང་ཁྲིད་སློབ་གསོ་ཚོགས་པ། ཧྲང་ཧའེ་ཧུད་ལུང་རྩིས་འཁོར་མ་ལག་ཚད་ཡོད་ཀུང་སི་བཅས་ཀྱིས་རང་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་ཐད་ལ་སྔར་རྒྱུན་བཞིན་ཐུགས་ཁུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཆ་འཕྲིན་ལག་རྩལ་ཚན་པའི་རོགས་རམ་དང་རང་ངོས་ཀྱི་འབད་བརྩོན་བྱས་མཐར། རྣམ་གྲངས་བདེ་བླག་ངང་ལེགས་སྒྲུབ་ཡོང་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུངས་པ་རེད།

    དེ་རྗེས། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དང་ཧྲང་ཧའེ་ཧུད་ལུང་རྩིས་འཁོར་མ་ལག་ཚད་ཡོད་ཀུང་སིའི་འགན་ཁུར་བས་རྣམ་གྲངས་གསར་སྤེལ་མངག་བཅོལ་གྲོས་དན་ཡིག་ཆར་མིང་རྟགས་བཀོད་པ་རེད།

    སྤྲོ་སྣང་དོད་པོས་བོད་སྐད་སྦྱོང་ཞེས་པའི་གསར་སྤེལ་རྣམ་གྲངས་ནི་ངེད་གཞུང་ལས་ཁང་གི་གཙོ་གནད་རྣམ་གྲངས་ཤིག་ཡིན་ལ། རྣམ་གྲངས་འདི་ནི་༢༠༡༨ལོར་སྤེལ་འགོ་ཚུགས་ཤིང་༢༠༡༩ལོར་མཇུག་སྒྲིལ་འཆར་ཡོད་པས།  ལེགས་གྲུབ་ཟིན་རྗེས་རྒྱ་ཆེའི་བོད་སྐད་སློབ་སྦྱོང་བྱེད་མཁན་རྣམས་ལ་འོད་སྡེར་དང་དཔེ་དེབ་མཉམ་སྒྲིག་ཐོག་ནས་འབུལ་རྒྱུ་རེད།