ལྗོངས་བོད་སྐད་ཨུད་གཞུང་ཁང་(རྩོམ་སྒྱུར་ཅུད)གི་རྟོག་ཞིབ་ལས་དོན་ཚོགས་ཆུང་གཞིས་རྩེར་བསྐྱོད་ནས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་ལ་རྟོག་ཞིབ་གནང་བ།
ཟླ་༥ཚེས་༡༦ནས་༢༤ཉིན་བར་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རེན་གཞོན་པ(ཅུད་ཀྲང་)ནོར་བུས་སྣེ་ཁྲིད་པའི་བོད་སྐད་ཡིག་ལས་དོན་རྟོག་ཞིབ་ཚོགས་ཆུང་གཞིས་རྩེ་གྲོང་ཁྱེར་གྱི་བསམ་གྲུབ་རྩེ་ཆུད་དང་། པ་རྣམ་རྗོང་སོགས།
རྫོང་དང་ཆུད་ཁག་བཅུ་གཉིས་སུ་བསྐྱོད་ནས་ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱིས་བོད་སྐད་ཡིག་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་གནང་བ་རེད།
ཐེངས་འདིའི་རྟོག་ཞིབ་ཚོགས་ཆུང་ནི་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་འབྲེལ་ཡོད་མི་སྣ་དང་། ལྗོངས་ཏང་ཨུད་དོན་གཅོད་ཐིང་རྩོམ་སྒྱུར་ཁང་། ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཐིང་རྩོམ་སྒྱུར་ཁང་། དེ་བཞིན་ལྷ་ས་དང་། ཉིང་ཁྲི།
ལྷོ་ཁ། ཆབ་མདོ། ནག་ཆུ།
མངའ་རིས་བཅས་ས་གནས་དང་གྲོང་ཁྱེར་རིམ་པའི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་འགན་འཁུར་མི་སྣ་བཅས་ལས་གྲུབ་ཅིང་། གཞིས་རྩེ་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་ཉི་མ་བུ་ཁྲིད་དང་།
གཞིས་རྩེ་གྲོང་ཁྱེར་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་འབྲེལ་ཡོད་འགན་འཁུར་མི་སྣ་ལས་དོན་རྟོག་ཞིབ་ཀྱི་ཐོག་མཐའ་བར་གསུམ་དུ་མཉམ་ཞུགས་གནང་ཡོད་པ་རེད།
རྟོག་ཞིབ་ལས་དོན་ཚོགས་ཆུང་གིས་གཤམ་སྐྱོད་རྟོག་ཞིབ་དང་།
ཡིག་ཆ་བལྟ་བཤེར། བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱེད་པ་བཅས་ལ་བརྟེན་ནས་གཞིས་རྩེ་གྲོང་ཁྱེར་གྱིས་ཉེ་བའི་ལོ་ཤས་རིང་བོད་སྐད་ཡིག་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་གནང་བ་མ་ཟད།
ས་ཡུལ་ཁག་གི་བོད་སྐད་ཡིག་ལས་དོན་ཚན་པའི་གཞུང་ལས་ཀྱི་སྒྲིག་བཀོད་དང་། ཆ་རྐྱེན་སོགས་ལ་རྒྱུས་མངའ་གནང་བ་དང་སྦྲགས་བོད་སྐད་ཡིག་ལས་དོན་སྤེལ་བའི་ཁྲོད་ལྷག་བསྡད་པའི་དཀའ་གནད་ལ་ཤེས་རྟོགས་གནང་བ་རེད།
ལྷག་པར་དུ་རྟོག་ཞིབ་ཚོགས་ཆུང་གིས་སློབ་གྲྭ་ཁག་དང་། དམངས་ཕན་ཞབས་ཞུ་ལྟེ་གནས།
ཁྲོམ་གཞུང་བཅས་སུ་བསྐྱོད་ནས་ཁུལ་འདི་གའི་སྤྱི་ཚོགས་སྤྱོད་ཡིག་ལས་དོན་སྤེལ་ཚུལ་ལ་ས་ཡུལ་དངོས་ནས་ཤེས་རྟོགས་གནང་བ་ཆབས་ཅིག
ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་ནས་སྒྲིག་བཟོ་གནང་བའི་བཀས་བཅད་ཐ་སྙད་ཚིག་མཛོད་གཤམ་སྤྲོད་གནང་བ་རེད།
རྟོག་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། གཞིས་རྩེ་གྲོང་ཁྱེར་གྱི་བོད་སྐད་ཡིག་ལས་དོན་ལ་ས་གནས་དེ་གའི་གོང་རིམ་ཚན་པས་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་པ་མ་ཟད།
བོད་སྐད་ཡིག་ལས་དོན་ཚན་པ་ཁག་གི་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལམ་ལུགས་འཐུས་སྒོ་ཚང་བ་གཅིག བོད་སྐད་ཡིག་ལས་དོན་གྱི་“ཡོད་པ་བཞིའི་”དམིགས་ཚད་ལས་འགན་སྤྱིའི་ཆ་ནས་མངོན་གྱུར་བྱུང་ནས་གྲུབ་འབྲས་ཕུལ་དུ་བྱུང་བ་ཐོན་ཡོད་པ་སྟེ།
གྲོང་ཁྱེར་ཡོངས་ཀྱི་བོད་སྐད་ཡིག་རྩོམ་སྒྱུར་ལས་དོན་ཁོངས་གཏོགས་ཀྱི་སྒྲིག་ཁོངས་མི་གྲངས་༩༢ཡིན་པ་དང་།
ད་ཡོད་དངོས་སུ་ལས་ཞུགས་བྱེད་མཁན་མི་གྲངས་༧༣ཡོད་པ།
ཆ་སྙོམས་ལྟར་ན་ཚན་པ་རེར་མི་གྲངས་༣ནས་༤བར་བཀོད་སྒྲིག་བྱས་ཡོད་ཅིང་། རྫོང་དང་ཆུད་ཁག་གི་བོད་སྐད་ཡིག་ལས་དོན་ཚན་པ་ཁོའོ་རིམ་པ་རྒན་པའི་ལས་དོན་ཚན་པར་འཛུགས་སྐྱོང་བྱས་ནས་ལོ་རེར་མ་དངུལ་སྒོར་ཁྲི་༥ནས་༨བར་གཤམ་སྤྲོད་བྱེད་བཞིན་ཡོད་པ་དང་གཉིས། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བོད་སྐད་ཡིག་སྤྱི་ཚོགས་སྤྱོད་ཡིག་ལས་དོན་ལ་སྐུལ་འདེད་བྱས་ཡོད་པ།
རྫོང་དང་ཆུད་ཁག་གི་དེ་མིན་འབྲེལ་ཡོད་ཚན་པ་དང་མཉམ་འབྲེལ་ཐོག་ནས་བོད་སྐད་ཡིག་སྤྱི་ཚོགས་སྤྱོད་ཡིག་ལས་དོན་ལ་བལྟ་བཤེར་བྱ་རྒྱུ་རྒྱུན་གཏན་རང་བཞིན་དུ་ཆགས་ཡོད་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་ས་མིང་དང་། དགོན་སྡེ། རི་ཆུ། ཡུལ་སྐོར་ས་གནས།
གཞུང་ལམ་སོགས་ཀྱི་ས་མིང་གཅིག་གྱུར་ཚད་ལྡན་དུ་གཏོང་བའི་ལས་དོན་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ཡོད་པ།
སྐད་གཉིས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྐད་གཉིས་སློབ་གསོ་ཁྱབ་གདལ་གཏོང་ཚད་བརྒྱ་ཆ་བརྒྱ་ལ་སླེབས་ཤིང་།
སྐད་གཉིས་སློབ་གསོའི་བསླབ་གཞི་རྩོམ་སྒྲིག་བྱས་ཁར། སློབ་སྦྱོང་བྱ་རྒྱུའི་ལས་དོན་ལས་བྱེད་ལས་བཟོའི་རྒྱུན་གཏན་གྱི་སློབ་སྦྱོང་སྦྱོང་བརྡར་ལས་གཞིའི་འཆར་འགོད་ནང་བཅུག་ཡོད་པ། གྲོང་ཁྱེར་དང་རྫོང་ཆུད་ཁག་གིས་སྨྱན་སྦྱོར་ལམ་བུ་བརྒྱུད་བོད་སྐད་ཡིག་ལས་དོན་གྱི་དྲིལ་བསྒྲགས་ཁྱབ་གདལ་ལ་ཤུགས་སྣོན་བརྒྱབ་པ་བཅས་གསུམ་མོ།
ཚེས་༢༣ཉིན།
རྟོག་ཞིབ་ལས་དོན་ཚོགས་ཆུང་གིས་གཞིས་རྩེ་གྲོང་ཁྱེར་གྱི་༢༠༡༨ལོའི་བོད་སྐད་ཡིག་རྩོམ་སྒྱུར་ལས་དོན་ཚོགས་འདུར་བཞུགས་ཤིང་།
ཚོགས་འདུའི་ཐོག་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་གི་སྐོར་ཞིབ་པ་གཞོན་པ་ལྷག་ཆུང་ནས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་།
ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་གྱིས་བསྐུར་གནང་བའི་ཕྱག་ཡིག་བརྒྱུད་བསྒྲགས་གནང་བ་དང་།
ནོར་བུས་བོད་སྐད་ཡིག་ལས་དོན་གྱིས་སྤྱི་ཡོངས་ལ་ཞབས་ཞུའི་འདུ་ཤེས་བརྟན་པོ་འཛིན་ནས།
ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་“འདུ་ཤེས་བཞིའི”་ལྟ་བ་བརྟན་སྲུང་། ལམ་ལུགས་འཐུས་ཚང་།
ཤེས་ཡོན་པ་གསོ་སྐྱོང་། དཔུང་ཁག་འཛུགས་སྐྱོང་བཅས་ཀྱི་ཐོག་ནས་མ་འོངས་ཀྱི་གཞིས་རྩེའི་བོད་སྐད་ཡིག་ལས་དོན་ལ་གྲུབ་འབྲས་གསར་པ་གཏོད་དགོས་པའི་བླང་བྱ་བཏོན་ཡོད་ལ།
རྫོང་དང་ཆུད་ཁག་གི་བོད་སྐད་ཡིག་རྩོམ་སྒྱུར་ལས་དོན་འཐུས་ཚབ་མི་སྣས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་སྐོར་ལ་རང་ཉིད་ཀྱི་ཉམས་མྱོང་སྤེལ་རེས་ཀྱི་གཏམ་བཤད་ཀྱང་གནང་བ་རེད།



