བོད་ལྗོངས་མཐའ་མཚམས་ས་ཁུལ་གྱི་རྒྱ་བོད་ལོ་ཙྰ་བའི་སྦྱོང་བརྡར་འཛིན་གྲྭ་ལན་གྲུ་རུ་གཉེར་བ།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གཉིས་མཉམ་འབྲེལ་ཐོག་བཞག་པའི་༢༠༡༧ལོ་ནས་༢༠༢༠ལོའི་བར་གྱི་ལོ་ལྔ་ཚན་བཅུ་གསུམ་པའི་འབྲེལ་ཡོད་ལས་དོན་གྱི་གྲོས་དན་བྱུང་དོན་བཞིན།
བོད་ལྗོངས་མཐའ་མཚམས་ས་ཁུལ་གྱི་བོད་སྐད་ཡིག་ལས་དོན་ལ་གྲུབ་འབྲས་སྔར་ལས་ལྷག་པ་ཐོབ་ཆེད་དང་།
མཐའ་མཚམས་ཁུལ་གྱི་རྒྱ་བོད་ལོ་ཙྰ་བའི་ཆེད་ལས་ཀྱི་བྱང་ཚད་མཐོར་འདེགས་གཏོང་ཆེད།
བོད་ལྗོངས་མཐའ་མཚམས་ས་ཁུལ་གྱི་རྒྱ་བོད་ལོ་ཙྰ་བའི་སྦྱོང་བརྡར་འཛིན་གྲྭ་དེ་༢༠༡༨ལོའི་ཟླ་༩པའི་ཚེས་༢༠ཉིན་རྒྱལ་ཁབ་དམངས་ཨུད་ཀྱི་ཤེས་ལྡན་པ་སྦྱོང་བརྡར་རྟེན་གཞི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་གཉེར་བ་རེད།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་སྤྱི་གཞོན་པ་ཡུས་སུའུ་ཕུའུ་ཅང་དང་།
ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ལྟེ་གནས(ཅུད)བོད་སྐད་ཡིག་ལས་དོན་ཁང་གི་ཀྲུའུ་རེན་ཟླ་བ་ཚེ་རིང་།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒྱུན་མཐུད་སློབ་གསོ་སློབ་གླིང་གི་ཏང་ཙུའི་ཧྲུའུ་ཅི་ཏིང་ཁུའེ།
རྒྱུན་མཐུད་སློབ་གསོ་སློབ་གླིང་གི་འགོ་གཙོའམ་ཡོན་ཀྲང་ཧྲ་ཚུན་ཧྲན་བཅས་ཚོགས་འདུར་ཕེབས་ཤིང་གལ་ཆེའི་གསུང་བཤད་གནང་ཡོད།

ཚོགས་འདུར་སློབ་སྤྱི་གཞོན་པ་ཡུས་སུའུ་ཕུ་ཅང་གིས་མི་རིགས་སྐད་ཡིག་ལས་དོན་ནི་རང་རྒྱལ་མི་རིགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་།
མི་རིགས་སྐད་ཡིག་ཡིག་སྒྱུར་ལས་བྱ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་འབྲེལ་ཡོད་དགོངས་དོན་མི་རིགས་ས་ཁུལ་དུ་ཁྱབ་བསྒྲགས་བྱེད་ཅིང་ཞབས་ཞུ་སྒྲུབ་པའི་མི་སྣ་གལ་ཆེན་ཞིག་ཡིན་པས།
སྦྱོང་བརྡར་ནང་ཞུགས་མཁན་སློབ་མ་ཡོངས་ཀྱིས་འགན་འཁྲིའི་འདུ་ཤེས་དམ་པོར་བཅངས་ནས་སྦྱོང་བརྡར་རིང་གི་འབྲེལ་ཡོད་ཤེས་བྱར་འབད་པ་རྩེ་གཅིག་ཏུ་བྱས་ཐོག
བོད་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་ལ་ལེགས་སྐྱེས་སྔར་ལས་ལྷག་པ་འབུལ་དགོས་པའི་བླང་བྱའང་བཏོན་ཡོད།

ཐེངས་འདིའི་སྦྱོང་བརྡར་འཛིན་གྲྭ་སྣེ་ཁྲིད་འགན་འཁུར་མི་སྣ་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་སྐད་ཡིག་དོ་དམ་ཁྲུའི་ཁྲུའུ་ཀྲང་གཞོན་པ་འཇིགས་མེད་རྡོ་རྗེས་གསུང་དོན།
འདས་ཟིན་པའི་ལོ་ཤས་རིང་བོད་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་ནི་རྒྱལ་ཁབ་དམངས་ཨུད་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད་ཅེས་གསུངས་པ་དང་ཆབས་ཅིག
སྦྱོང་བརྡར་ནང་ཞུགས་མཁན་གྱི་སློབ་མ་རྣམས་ལ་ཐེངས་འདིའི་གོ་སྐབས་བཟང་པོ་དམ་འཛིན་གྱིས་སློབ་སྦྱོང་ལ་འབད་བརྩོན་དང་།
སློབ་གྲྭའི་འབྲེལ་ཡོད་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུ་དགོས་པའི་རེ་བའང་བཏོན་ཡོད།



