无障碍阅读 关怀版

བོད་རང་སྐྱོང་ལྗོངས་ཡིག་སྒྱུར་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་སྐོང་འཚོགས་བྱས་པ།

དུས་ཚོད། 2021-11-24 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

2021ལོའི་ཟླ་10ཚེས་29ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་བཀའ་འཕྲོད་ཞུས་པ་བརྒྱུད། རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ལོ་་མཐུན་ཚོགས་ཀྱིས་ལས་སྒྲུབ་འགན་འཁུར་བའི་བོད་རང་སྐྱོང་ལྗོངས་ཀྱི་སྐབས་གསུམ་པའི་ཡིག་སྒྱུར་རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་ལྷ་སར་གཟབ་རྒྱས་ངང་སྐོང་འཚོགས་བྱས་པ་རེད།

རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོནཨུ་ཡོནལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་། རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུ། བོད་ལྗོངས་སློབ་ཆེན་སོགས་འབྲེལ་ཡོད་ཚན་པའི་འགོ་འཛིན། བསླབ་པ་རྒན་གྲས་ཀྱི་འཐུས་མི།  བོད་ལྗོངས་ལོ་་མཐུན་ཚོགས་ཀྱི་བློ་འདྲི་ཡུལ། དྲུང་ཆེ་གཞོན་པ། རྒྱུན་ལས་ལས་འཛིན་པ། ལས་འཛིན་པ། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་གཞུང་དོན་ཐིང་ཡིག་སྒྱུར་ཁང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཡིག་སྒྱུར་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཡིག་སྒྱུར་ཁང་བཅས་ཀྱི་འགན་འཁུར་བ་དང་དེ་བཞིན་དཔྱད་རྩོམ་བདམས་ཐོན་བྱུང་བའི་རྩོམ་པ་པོ་བཅས་ཁྱོན་མི་60ལྷག་ཙམ་ཚོགས་འདུར་ཞུགས་ཡོད།

བགྲོ་གླེང་ཚོགས་འདུ་དེ་འགོ་ཚུགས་མཛད་སྒོ་དང་། ཚོགས་ཆེན། ཚོགས་ཆུང་ཁག་བགོས་ཀྱི་བགྲོ་གླེང་། མཇུག་སྒྲིལ་མཛད་སྒོ་བཅས་ཁག་བཞི་ལ་དབྱེ་ཡོད།

འགོ་ཚུགས་མཛད་སྒོ་དེ་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོནལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གི་ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)དང་། བོད་ལྗོངས་ལོ་ཙ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཚེ་རིང་གཡུ་སྒྲོན་གྱིས་གཙོ་སྐྱོང་གནང་བ། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང(རྩོམ་སྒྱུར་ཅུ)གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རེན(ཅུས་ཀྲང)བོད་ལྗོངས་ལོ་་མཐུན་ཚོགས་ཀྱི་ཚོགས་གཙོ་ནོར་བུས་ཤིས་ཚིག་གསུངས་པ། ནོར་བུས་བསྟན་དོན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་ཕྱོགས་གཏན་འཁེལ་དང་བཀོད་སྒྲིག་གནང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་གསལ་སྟོན་གནང་བ་དང་བྱ་གཞག་ཁག་ལ་ཁྲིད་སྟོན་གནང་བས་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་པ་དང་། རླབས་ཆེན་གྱི་དུས་རབས་ཀྱི་རླབས་རྒྱུན་ཁྲོད་དུ་རིག་གནས་བྱ་གཞག་ཀྱང་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་བ་དང་། ཚོན་མདངས་རྣམ་པར་བཀྲ་བ། ཕུལ་བྱུང་གི་ཤེས་ལྡན་པ་དང་ཕུལ་བྱུང་གི་བརྩམས་ཆོས་འབོར་ཆེན་ཞིག་ཐོན་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། རྒྱ་ཆེའི་ཡིག་སྒྱུར་པ་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་ཕུགས་འདུན་དེ་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་དང་དམ་པོར་སྦྲེལ། ང་ཚོའི་སྨྱུག་གུ་ལ་བརྟེན་ནས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་སྐོང་རྒྱུར་ཞབས་འདེགས་ཞུ་བ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབསརྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིསགསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཞུམ་པ་དང་། དཀའ་སྡུག་ལ་མི་འཛེམ་པ། ས་བབ་མཐོ་ལ་བློ་རྒྱ་དེ་བས་ཆེ་བ་དགོས་པབཅས་ཀྱི་སྙིང་སྟོབས་དང་འགན་འཁྲི་སེམས་ལ་བཅངས་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གཏོད་ཆེད་དེ་བས་མང་བ་དང་དེ་བས་ངོ་མཚར་ལྡན་པ་བྱས་ནས་ཏང་གི་སློབ་གསོ་དང་གསོ་སྐྱོང་ཆུད་ཟོས་སུ་མི་གཏོང་བ་དང་། དུས་རབས་ཀྱི་འབོད་སྐུལ་ཆུད་ཟོས་སུ་མི་གཏོང་བ། མི་དམངས་ཀྱི་རེ་སྒུག་ཆུད་ཟོས་སུ་མི་གཏོང་བ་བཅས་ཀྱི་ཕུལ་བྱུང་གི་ལེགས་སྐྱེས་བཟང་པོ་འབུལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

ཚོགས་ཆེན་ཐོག་ཚོགས་ཞུགས་མི་སྣས་སྤྱི་ཁྱབ་ཧྲུའུ་ཅིཞི་ཅིན་ཕིང་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བློ་མཐུན་དབང་དབྱང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་བསྐྱར་དྲན་བྱས་ཡོད། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང(རྩོམ་སྒྱུར་ཅུ)དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་། བོད་ལྗོངས་སློབ་ཆེན་རྩོམ་རིག་སློབ་གླིང་སོགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ལོ་70རིང་གི་བོད་སྐད་ཡིག་ལས་དོན་གྱི་གྲུབ་འབྲས་དང་ཉམས་མྱོང་སོགས་ཀྱི་ཐད་གཙོ་དོན་གཏམ་བཤད་སྤེལ་ཡོད།  བོད་ལྗོངས་ལོ་་མཐུན་ཚོགས་ཀྱིས་ཕུལ་བྱུང་དཔྱད་རྩོམ་20ཡི་བྱ་དགའ་ཐོབ་མཁན་ལ་གཟེངས་བསྟོད་བྱས་སྤྲད་ཡོད།

ཕྱི་དྲོ་ཚོགས་ཆུང་ཁག་བགོས་ཀྱི་བགྲོ་གླེང་དང་མཇུག་བསྡུའི་མཛད་སྒོ་འཚོགས་པ། ཚོགས་ཆུང་ཁག་བགོས་ཀྱི་དཔྱད་གླེང་ཚོགས་འདུའི་ཐོག ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་དུས་བབ་གསར་པའི་འོག་གི་བོད་ཀྱི་ཡིག་སྒྱུར་ལས་དོན་དང་། ཡིག་སྒྱུར་ལོ་རྒྱུས། ཐ་སྙད་གསར་པ་ཡིག་སྒྱུར་དང་། གཅིག་གྱུར། ཚད་ལྡན། ངག་ཐོག་ནས་ཡིག་སྒྱུར་དང་དངོས་དོན་ཞིབ་འཇུག  རླུང་འཕྲིན་དང་། གློག་བརྙན།  བརྙན་འཕྲིན། གསར་འགྱུར་དཔེ་སྐྲུན། དྲ་རྒྱ་སོགས་སྨྱན་སྦྱོར་ཁྱབ་ཁོངས་ཀྱི་ཡིག་སྒྱུར་གནས་ཚུལ་དང་འཕེལ་རྒྱས་སོགས་ཀྱི་ཐད་ལ་བགྲོ་གླེང་གཏིང་ཟབ་བྱས་པར་བགྲོ་གླེང་སྤེལ་རེས་དང་། ཕན་ཚུན་སློབ་སྦྱོང་། ཐུན་མོང་ཡར་རྒྱས་བཅས་ཀྱི་ཕན་འབྲས་བཟང་པོ་ཐོབ་ཡོད།

མཇུག་སྒྲིལ་མཛད་སྒོའི་ཐོག་ཚེ་རིང་གཡུ་སྒྲོན་གྱིས་ཕྱོགས་གསུམ་གྱི་ཐད་ནས་ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་རྒྱུའི་དམིགས་ཡུལ་དང་དོན་སྙིང་ཕྱོགས་སྡོམ་བྱས་པ་དང་ཆབས་ཅིག་རང་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པ་དང་ཟུང་འབྲེལ་བྱས་ཏེ་རྒྱ་ཆེའི་ཡིག་སྒྱུར་ལས་དོན་པར་རེ་བ་གསུམ་བཏོན་པ་སྟེ། གཅིག་ནས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས་བོད་ཀྱི་སྐད་ཡིག་ཡིག་སྒྱུར་ལས་དོན་གྱིས་ལྟེ་བའི་ཞབས་ཞུའི་ཁྱོན་ཡོངས་ལ་དམིགས་པའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་པ་དང་། གཉིས་ནས་ཡིག་སྒྱུར་གྲུབ་འབྲས་ཐོན་རྒྱུར་མཐོང་ཆེན་བྱས་ཏེ་དུས་བབ་གསར་པ་དང་ལས་འགན་གསར་པ་དང་བླང་བྱ་གསར་པ་དང་རང་འགུལ་ངང་བསྟུན་པ། གསུམ་ནི་རིག་གཞུང་ཞིབ་འཇུག་བ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱི་སྐད་ཡིག་ཡིག་སྒྱུར་བྱ་གཞག་སྐྱོན་བྲལ་དང་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་གསུངས།