无障碍阅读 关怀版

མེ་ཟོན་སྐོར་གྱི་ཐ་སྙད་ཡིག་སྒྱུར་ཚད་ལྡན་ཡོང་བ་དང་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་མཐོ་རུ་གཏོང་བ།

དུས་ཚོད། 2022-04-28 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

སྤྱོད་ཚུལ་ལེགས་བཅོས་དང་ལས་ཀ་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་རྒྱུ་སྔར་བས་སྐུལ་འདེད་ཏན་ཏིག་གཏོང་ཆེད་དང་། “ངས་དམངས་ཚོགས་ཀྱི་དོན་དུ་བྱ་བ་དངོས་སྒྲུབ་པའི་”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོར་དམ་པོར་དམིགས་ཏེ། རྒྱ་ཆེའི་མང་ཚོགས་རྣམས་ལ་འཕྲལ་སྡོམ་བྱ་རྒྱུའི་སྤྱི་ཚོགས་སྤྱོད་ཡིག་གི་ཞབས་ཞུ་མཁོ་འདོན་བྱེད་པ་དང་ཐ་སྙད་བཀས་བཅད་ལས་དོན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་ཆེད། ཉེ་ཆར་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གི་ཚད་ལྡན་ཁྲུའུ་ཡིས་རང་རྟོགས་ངང་ལས་དོན་ཁག་སྒྲུབ་ནས། སྔ་རྗེས་སུ་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གི་རིགས་གཅིག་མཁས་དབང་མི་ཐེངས་ཁག་40ལྷག་སྒྲིག་འཛུགས་བྱས་ཏེ། རྒྱལ་ཁབ་ཚད་ལྡན་གྱི་མེ་ཟོན་སྐོར་གྱི་ཐ་སྙད་ཡིག་སྒྱུར་བཀས་བཅད་ཚོགས་འདུ་ཐེངས་གསུམ་འཚོགས་པ་རེད།རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ(ཅུ་ཀྲང་གཞོན་པ)ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་མཆོག་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

བཀས་བཅད་ཚོགས་འདུ་དེས་བརྗོད་པ་ཡང་དག་པ་དང་ནང་དོན་ཁ་གསལ་བ། གོ་བདེ་ཞིང་ཤེས་སླ་བའི་རྩ་དོན་གཞིར་བཟུང་སྟེ། ཐ་སྙད་ཀྱི་ཡིག་སྒྱུར་བྱེད་ཐབས་སྣ་མང་བེད་སྤྱད་ནས་བསྒྱུར་བའི་ཐ་སྙད་དེ་གཅིག་གྱུར་ཚད་ལྡན་ཐུབ་པ་བྱུང་ཡོད། དེ་བཞིན། ཚོགས་འདུའི་སྔོན་ལ་ཐ་སྙད་འདེམས་པ་དང་། ཐོག་མའི་ཞིབ་བཤེར་ནན་ཏན་བྱས་པའི་རྨང་གཞིའི་ཐོག ཉིན་ལྔའི་སྔོན་ལ་རིགས་གཅིག་མཁས་དབང་རྣམ་པའི་ལག་ཏུ་བཟོ་བཅོས་དང་ཞིབ་བཤེར་བྱ་རྒྱུར་ཕུལ་བ་དང་། དུས་མཚུངས་ཆེད་ལས་ཐ་སྙད་ཀྱི་འགྱུར་ཡིག་དེ་བས་གནད་ལ་འཕིགས་པ་དང་ཚད་ལྡན་ཡོང་ཆེད། རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་རིགས་གཅིག་མཁས་དབང་བཀས་བཅད་ཚོགས་འདུར་གདན་ཞུ་བྱས་ཡོད། ཚོགས་འདུའི་ཐོག་ཐུན་མོང་གི་གྲོས་བསྡུར་དང་བློ་བསྡུས་དགེ་འཚོལརིགས་འདེད་ཞིབ་ཚགསབྱས་པ་བརྒྱུད་མཐའ་མཇུག་རྒྱལ་ཁབ་ཚད་ལྡན་གྱི་མེ་ཟོན་སྐོར་གྱི་སྤྱི་སྤྱོད་ཐ་སྙད་དང་མེ་སྐྱོན་སྔོན་འགོག མེ་སྐྱོན་རོགས་སྐྱོབ། མེ་སྐྱོན་བརྟག་དཔྱད། མེ་ཟོན་ཐོན་རྫས་བཅས་ཐད་ཀྱི་མེ་ཟོན་ཆེད་སྤྱོད་ཐ་སྙད་260ལྷག་ཙམ་གཏན་འབེབས་བྱདང་སྦྲགས། དུས་ཐོག་ཏུ་གཙོ་ཆེའི་དྲ་ཚུགས་དང་འཕྲིན་ཕྲན་བརྒྱུད་ནས་ཁྱབ་བསྒྲགས་བྱས་ཡོད

བཀས་བཅད་ཚོགས་འདུ་ཐེངས་གསུམ་འཚོགས་པ་བརྒྱུད། མེ་ཟོན་ལས་རིགས་ཁྱབ་ཁོངས་ཀྱི་ཆེད་ལས་ཐ་སྙད་དང་སྤྱི་ཚོགས་ཞབས་ཞུའི་ཐ་སྙད་ཡིག་སྒྱུར་བཀས་བཅད་ལྟར་ཚད་ལྡན་ངང་བེད་སྤྱོད་རྒྱུར་ཕན་ཐོགས་ཡོད་པ་དང་། དེ་བཞིན། ཡིག་སྒྱུར་ཚན་པ་དང་གསར་འགྱུར་སྨྱན་སྦྱོར་གྱིས་མེ་ཟོན་སྐོར་གྱི་རྒྱ་བོད་ཐ་སྙད་གཅིག་གྱུར་ཚད་ལྡན་ངང་སྤྱོད་རྒྱུར་སྔར་བས་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། མེ་ཟོན་སྐོར་གྱི་སྐད་གཉིས་ཤེས་བྱ་སློབ་སྦྱོང་དང་དྲིལ་བསྒྲགས་ཁྱབ་གདལ་དུ་གཏོང་རྒྱུ་དང་། འཕྲལ་སྡོམ་སྐད་ཆའི་ཞབས་ཞུ་བྱེད་ནུས་འཛུགས་སྐྱོང་ཐུབ་རྒྱུར་ཤུགས་སྣོན་ཐེབས་པ། མང་ཚོགས་ལ་མེ་ཟོན་སྐོར་གྱི་རྒྱུན་ཤེས་དང་ཆེད་ལས་ཤེས་བྱ་དེ་བས་མང་བ་ཤེས་སུ་འཇུག་རྒྱུ་དང་བདེ་འཇགས་ཐོན་སྐྱེད་ཀྱི་འཚོ་བའི་འདུ་ཤེས་སྔར་བས་མཐོ་རུ་འགྲོ་རྒྱུར་ཕན་པ་ཆེན་པོ་ཐོན་ཡོད།