无障碍阅读 关怀版

ལྗོངས་ཡོངས་ཀྱི་ཡིག་སྒྱུར་ལས་སྒོའི་རྐང་འཛིན་པའི་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་ཐེངས་གཉིས་པ་ལྷ་ས་རུ་བདེ་བླག་ངང་འཚོགས་པ།

དུས་ཚོད། 2022-06-07 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཟླ་5ཚེས་16ཉིན་ནས་ཚེས་25ཉིན་བར། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དང་བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱིས་གཙོ་གཉེར་དང་། བོད་ལྗོངས་སློབ་ཆེན་རྒྱུན་མཐུད་སློབ་གསོ་སློབ་གླིང་གིས་སྒྲུབ་འགན་འཁུར་བའི་ལྗོངས་ཡོངས་ཀྱི་ཡིག་སྒྱུར་ལས་སྒོའི་རྐང་འཛིན་པའི་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་ཐེངས་གཉིས་པ་ལྷ་སར་འཚོགས་པ་རེད། ཟླ་5ཚེས་16ཉིན། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན(ཅུད་ཀྲང)། བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་ནོར་བུ། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)། བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཆེ་ཚེ་རིང་གཡུ་སྒྲོན། བོད་ལྗོངས་སློབ་ཆེན་རྒྱུན་མཐུད་སློབ་གསོ་སློབ་གླིང་གི་གླིང་གཙོ་རྣམ་རྒྱལ། དེ་བཞིན་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་གནས)ཁག་དང་ལྗོངས་ཐད་གཏོགས་ཚན་པའི་ཡིག་སྒྱུར་ལས་སྒོའི་རྐང་འཛིན་མི་སྣ་50སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་། བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ཨུད་དང་། སློབ་གཙོ་གཞོན་པ། བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པད་མ་ཚེ་རིང་གིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

ནོར་བུས་སློབ་འགོ་ཚུགས་པའི་མཛད་སྒོའི་སྟེང་ནན་བཤད་གནང་དོན། ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་ཚོགས་པར་དོན་སྙིང་ཟབ་མོ་ལྡན་ལ། ཟབ་སྦྱོང་ནང་ཞུགས་པའི་སློབ་མ་ཡོངས་ཀྱིས། གཅིག་ནས་ངོས་འཛིན་མཐོར་འདེགས་གཏོང་བ་དང་བསམ་བློ་གཅིག་གྱུར་ཡོང་བ་བྱས་ནས་ལྟ་བ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱེད་དགོས། སློབ་སྦྱོང་བྱས་པ་བརྒྱུད་རང་ཉིད་ཀྱི་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ་ཐོག་མངོན་པ་དང་། “ཁྱོན་ཡོངས་གཉིས་”ཁོང་དུ་བཅངས་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན་”ལ་གདེང་ཚོད་ཡོད་པའི་ཆབ་སྲིད་ཀྱི་གནས་སྟངས་ཐོག་མངོན་པ། “འདུ་ཤེས་བཞི་”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “གཏན་འཁེལ་གཉིས་”ལྷག་བསམ་ཟོལ་མེད་ཀྱིས་སྲུང་སྐྱོབ་བྱེད་པ་དང་། “སྲུང་སྐྱོབ་གཉིས་”མཐའ་གཅིག་ཏུ་སྒྲུབ་ཐུབ་རྒྱུའི་བྱ་སྤྱོད་དངོས་ཀྱི་སྟེང་དུ་མངོན་པ། རང་འགན་གཙང་སྒྲུབ་དང་རང་འཁྲིའི་ལས་འགན་ཡག་པོ་སྒྲུབ་པའི་ཕན་འབྲས་དངོས་སྟེང་མངོན་པ། ང་ཚོའི་མི་རེ་རེའི་རྒྱུན་ལྡན་གྱི་གཏམ་སྤྱོད་སྟེང་དུ་མངོན་པ་བཅས་བྱེད་དགོས། གཉིས་ནས་སློབ་སྦྱོང་ལ་དགའ་བ་དང་སློབ་སྦྱོང་བྱེད་མཁས་པོས་སློབ་སྦྱོང་གི་གལ་ཆེན་རང་བཞིན་གྱི་ངོས་འཛིན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།  ང་ཚོའི་ཏང་གིས་སྔར་ནས་བཟུང་སློབ་སྦྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ལ། མི་སྒེར་ལ་མཚོན་ན། སློབ་སྦྱོང་གིས་བློ་རིག་འཕེལ་ཐུབ་ལ། དོགས་གཞི་གསེད་བཀྲོལ་ཐུབ་པ། ཡིན་མིན་བརྡར་གཅོད་ཐུབ་པ། བདེན་རྫུན་དབྱེ་འབྱེད་ཐུབ་པ་བཅས་བྱེད་ཐུབ། སློབ་སྦྱོང་ནི་ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕུགས་དད་བརྟན་དུ་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་པ་དང་། འཇོན་ཐང་འཕེལ་བ་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་པ། རང་འགན་གཙང་སྒྲུབ་ཀྱི་སྔོན་འགྲོའི་གཞི་མ་ཡིན་པ་ང་ཚོས་ངོས་འཛིན་ཐུབ་པ་བྱེད་དགོས། གསུམ་ནས་འབད་འབུངས་ཆེར་བསྐྱེད་ཀྱིས་རིན་ཐང་མངོན་པར་བྱེད་པ་དང་རང་རྟོགས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་དོན་གཉེར་བྱེད་དགོས། སློབ་མ་རྣམ་པས་ད་ཡོད་ཀྱི་ཡོད་ཚད་ལ་གཅེས་སྤྲས་བྱེད་དགོས་པ་དང་ཕྲག་ཏུ་འཁུར་བའི་འགན་འཁྲི་ངོས་བཟུང་ནས་བརྩོན་འགྲུས་ཆེ་ཞིང་སློབ་སྦྱོང་ལ་དགའ་བའི་གོམས་གཤིས་བཟང་པོ་ཆགས་པ་དང་། “སློབ་སྦྱོང་ཡང་ནས་ཡང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་”དེ་ནང་སེམས་རྒྱུད་ལ་འཇག་པ་དང་ཕྱིའི་ལག་ལེན་དུ་འཁྱོལ་བ་བྱེད་དགོས། བཞི་ནས་སྦྱངས་པ་ཐ་དག་ལག་ལེན་ཐོག་འཁྱོལ་ཐུབ་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་མི་ཚེ་སྔར་བས་མཚར་སྡུག་ལྡན་པར་འབད་བརྩོན་བྱེད་དགོས། ང་ཚོས་ཞབས་ཞུའི་ཆུ་ཚད་དང་འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བར་དམིགས་ནས། དུས་ཀྱིས་ང་མི་སྒུག་པའི་བྲེལ་འཚུབ་དང་མིག་ལྟོས་ཡར་འདྲེན་གྱི་རང་རྟོགས་ཀྱིས་“བདག་ཆུང་ངུ་”ལས་བསྒྲལ་ནས་“བདག་ཆེན་་པོ་”དོན་གཉེར་དང་“བདག་བྲལ་”བརྩོན་ལེན་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་གི་ཆེད་དུ་ལེགས་སྐྱེས་དེ་བས་ཆེ་བ་དང་གསར་པ་འབུལ་དགོས་ཤིང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ཀྱི་ལེའུ་གཏོད་པའི་རླབས་ཆེན་ལག་ལེན་ཁྲོད། མཚར་སྡུག་གི་མི་ཚེ་འགྲུབ་སྟེ། ང་ཚོ་ཐུན་མོང་གིས་འབད་བརྩོན་ལྷོད་མེད་དང་གཡུར་ཟའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་ཐུབ་རྒྱུར་བསུ་བ་ཞུ་དགོས་ཞེས་བཤད། པད་མ་ཚེ་རིང་གིས་སྒྲུབ་འགན་འཁུར་མཁན་གྱི་ཚབ་ཞུས་ཏེ་སློབ་མ་ཡོངས་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་ཆབས་ཅིག་སློབ་མ་ཡོངས་ཀྱིས་རང་གཅུན་ནན་པོ་དང་། གོ་སྐབས་དམ་འཛིན། སྤེལ་རེས་ལ་ཤུགས་སྣོན་བཅས་བརྒྱབ་ནས། སྦྱངས་འབྲས་ཐོན་པ་དང་སྦྱངས་སྤྱོད་ཟུང་འབྲེལ་གྱིས་སློབ་སྦྱོང་གི་དམིགས་ཚད་འགྲུབ་དགོས་པ་མ་ཟད། རིམས་ནད་སྔོན་འགོག་བྱེད་ཐབས་ལག་བསྟར་རང་རྟོགས་ཀྱིས་ཡག་པོ་སྒྲུབ་དགོས་ཞེས་བཤད།

ཐེངས་འདིའི་ཟབ་སྦྱོང་ཐོག་བོད་ལྗོངས་སློབ་ཆེན་གྱི་འབུམ་རམས་པའི་མཛུབ་སྟོན་སློབ་དཔོན་ལྷག་པ་ཚེ་བརྟན་དང་དུད་བླ་བུ་ཆུང་། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)རྩོམ་སྒྱུར་ཁྲུའུ་ཡི་དེ་སྔའི་ཁྲུའུ་ཀྲང་དང་བསླབ་རྒན་ལོ་ཙཱ་བ་ཚེ་རིང་དོན་གྲུབ། བོད་ལྗོངས་མི་དམངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཞུས་ཆེན་ལོ་ཙཱ་བ་ཕུན་ནོར་བཅས་ལྗོངས་ནང་ཁུལ་གྱི་རིགས་གཅིག་མཁས་དབང་གྲགས་ཅན་བཅུ་ལྷག་གདན་ཞུ་བྱས་ཏེ། སློབ་མ་རྣམས་ལ་ལོ་ཙཱའི་གཞུང་ལུགས་དང་ལག་ལེན། བོད་ཀྱི་བརྡ་སྤྲོད་དང་དེང་རབས་རྒྱ་ཡིག་བཅས་ཀྱི་ཕྱོགས་ནས་ཆེད་དོན་སློབ་ཁྲིད་གནང་བ་རེད།

ཟླ་5ཚེས་25ཉིན་ལ་སྦྱོང་བརྡར་མཇུག་བསྒྲིལ་བའི་མཛད་སྒོ་སྤེལ་ཞིང་། སློབ་མའི་འཐུས་མིས་གཏམ་བཤད་གནང་དོན། ཐེངས་འདིའི་ཚད་རིམ་མཐོ་བའི་ལས་སྒོའི་ཟབ་སྦྱོང་གིས་རྒྱ་ཆེའི་ཡིག་སྒྱུར་ལས་དོན་པར་ཆེད་ལས་ཟབ་སྦྱོང་བྱེད་པའི་གོ་སྐབས་ཤིག་མཁོ་འདོན་བྱེད་པ་དང་། ལྗོངས་ནང་ཁུལ་གྱི་རིགས་གཅིག་མཁས་དབང་གྲགས་ཅན་རྣམས་ཀྱིས་སློབ་ཁྲིད་བྱས་པ་བརྒྱུད། གོ་བདེ་ཞིང་ཤེས་སླ་བ་དང་ཆུ་ཚད་མཐོ་བའི་ལོ་ཙཱའི་གཞུང་ལུགས་ཤེས་བྱ་དང་གཞུང་ཡིག་རྩོམ་འབྲི་སྐོར་གྱི་སློབ་ཚན་སྦྱོང་ཐུབ་པ་བྱུང་ནས། ལོ་ཙཱའི་གཞུང་ལུགས་དང་ལག་ལེན་སྐོར་གྱི་ཡུན་རིང་དོགས་པའི་གནས་སུ་ལྷུང་བའི་གནད་དོན་མང་པོ་ཞིག་ཐག་གཅོད་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བརྩིས་ནས། དུས་རབས་གསར་པར་བོད་སྐད་ཡིག་གི་ཡིག་སྒྱུར་ལས་དོན་ཡག་པོ་སྤེལ་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཞེས་བཤད། བོད་ལྗོངས་སློབ་ཆེན་རྒྱུན་མཐུད་སློབ་གསོ་སློབ་གླིང་གི་གླིང་གཙོ་གཞོན་པ་ཁྲེན་ཅིན་གྱིས་ཟབ་སྦྱོང་ལ་ཕྱོགས་སྡོམ་གནང་དོན། གཅིག་ནས་སློབ་སྦྱོང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ་མི་སྒེར་གྱི་བྱང་ཚད་མཐོ་རུ་གཏོང་དགོས་པ་དང་རང་འགུལ་ངང་དུས་བབ་ཀྱི་འགྱུར་ལྡོག་དང་བསྟུན་ཐབས་བྱེད་པ། གཉིས་ནས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱས་ནས་སྦྱངས་པ་གོ་ཆོད་ཡོང་བ་བྱེད་པ། གསུམ་ནས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་གོང་འཕེལ་འགྲོ་བར་བྱེད་དགོས་ཞེས་བཤད། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་རིམ་གཉིས་སྐོར་ཞིབ་པ་དང་བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལྷག་ཆུང་གིས་མཇུག་བསྒྲིལ་མཛད་སྒོ་གཙོ་སྐྱོང་གནང་བ་དང་འབྲེལ་ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་སྒྲུབ་འགན་འཁུར་མཁན་བོད་ལྗོངས་སློབ་ཆེན་རྒྱུན་མཐུད་སློབ་གསོ་སློབ་གླིང་དང་ལས་སྒྲུབ་མི་སྣ། དེ་བཞིན་སློབ་ཁྲིད་གནང་མཁན་རིགས་གཅིག་མཁས་དབང་དག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་།  སློབ་མ་ཡོངས་ལ་ཐེངས་འདིའི་ཟབ་སྦྱོང་གི་ལས་འགན་ལེགས་གྲུབ་ཡོང་བར་རྟེན་འབྲེལ་ཞུས་པ་རེད།

ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་བདེ་བླག་ངང་འཚོག་ཐུབ་པ་དེས་རང་ལྗོངས་ཀྱི་ཡིག་སྒྱུར་རྐང་འཛིན་པའི་ལས་སྒོའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད་ལ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས། རང་ལྗོངས་ཀྱི་བོད་སྐད་ཡིག་གི་ཡིག་སྒྱུར་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་དང་བོད་སྐད་ཡིག་གི་རྩོམ་སྒྱུར་བྱ་གཞག་གོང་འཕེལ་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།