无障碍阅读 关怀版

<<སྤྱི་པའི་ཞབས་ཞུ་ཁྱབ་ཁོངས་ཀྱི་བོད་ཡིག་ཚད་ལྡན་སྒྱུར་ཡིག>>གི་བཀས་བཅད་ཚོགས་འདུ་ལྷ་སར་འཚོགས་པ།

དུས་ཚོད། 2022-07-08 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

2020ལོར་མི་རིགས་ས་ཁུལ་གྱི་སྐད་ཡིག་བེད་སྤྱོད་བྱ་རྒྱུ་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་ཆེད། སློབ་གསོ་པུའུ་དང་རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ལྷན་གྱིསལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་སྐད་ཡིག་གི་ཚན་ཞིབ་འཆར་འགོད་ནང་“<<སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་བོད་ཡིག་ཚད་ལྡན་སྒྱུར་ཡིག>>ཞིབ་བཟོའི”རྣམ་གྲངས་བཙུགས་ཁར། བོད་སྐྱོར་ཐབས་ལམ་བརྒྱུད་དེ་ཚད་ལྡན་ཞིབ་བཟོ་བྱ་རྒྱུ་མངགས་ཡོད། དུས་ཡུན་ལོ་གཉིས་རིང་གི་ལས་དོན་སྤེལ་བ་བརྒྱུད། རྣམ་གྲངས་ལ་སྔོན་དཔག་གི་གྲུབ་འབྲས་ཐོབ་པ་མ་ཟད། རིགས་ཁག་22དང་སྤྱི་པའི་ཞབས་ཞུའི་སྤྱོད་ཡིག་4200ལྷག་ཚུད་པའི<<སྤྱི་པའི་ཞབས་ཞུ་ཁྱབ་ཁོངས་ཀྱི་བོད་ཡིག་ཚད་ལྡན་སྒྱུར་ཡིག>>(བསམ་འཆར་བསྡུ་ལེན་མ་དཔེ)བཏོན་པ་རེད། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་གནས)བདུན་གྱི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དང་འབྲེལ་ཡོད་རིགས་གཅིག་མཁས་དབང་རྣམས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཆེར་བསྡུ་ལེན་བྱས་པ་བརྒྱུད། སྤྱི་པའི་ཞབས་ཞུའི་སྤྱོད་ཡིག་4200ལྷག་ཙམ་གྱི་ཚད་ལྡན་བོད་འགྱུར་གཏན་ལ་ཕབ་ཡོད།

ཟླ་6ཚེས་16ཉིན་ལ། <<སྤྱི་པའི་ཞབས་ཞུ་ཁྱབ་ཁོངས་ཀྱི་བོད་ཡིག་ཚད་ལྡན་སྒྱུར་ཡིག>>གི་བཀས་བཅད་ཚོགས་འདུ་ལྷ་སར་འཚོགས་པ་དང་། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དང་བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གི་རིགས་གཅིག་མཁས་དབང་12བཀས་བཅད་ཚོགས་འདུར་ཞུགས་ཡོད།

བཀས་བཅད་ཚོགས་འདུའི་ཐོག ཚོགས་ཞུགས་མཁས་དབང་རྣམས་ཀྱིས<<སྤྱི་པའི་ཞབས་ཞུ་ཁྱབ་ཁོངས་ཀྱི་བོད་ཡིག་ཚད་ལྡན་སྒྱུར་ཡིག>>ཞིབ་བཟོའི་གྲུབ་འབྲས་ལ་ཆོད་སྡོམ་བྱས་པ་མ་ཟད། སྔར་བས་ཞིབ་འཇུག་གཏན་འཁེལ་བྱེད་དགོས་པའི་སྤྱི་པའི་ཞབས་ཞུའི་སྤྱོད་ཡིག་280ལྷག་ཙམ་གྱི་བོད་འགྱུར་ལ་ཞུ་དག་གཏན་འཁེལ་བྱས་ཡོད། རྨང་གཞི་རང་བཞིན་གྱི་སྐད་ཡིག་ཚད་ལྡན་བཟོ་རྒྱུའི་ཚད་གཞི་ཞིག་ཡིན་པའི་ཆ་ནས། ཚད་ལྡན་སྒྱུར་ཡིག་འདི་ཞིབ་བཟོ་བྱ་རྒྱུ་ཧ་ཅང་གལ་འགངས་ཆེ་ལ་དགོས་གལ་ཡང་ཤིན་ཏུ་ཆེ་ཞིང་། སྤྱི་པའི་ཞབས་ཞུ་ཁྱབ་ཁོངས་ཀྱི་བོད་འགྱུར་ལས་དོན་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པའི་ངོས་འཛིན་གནང་ཡོད། ཚོགས་ཞུགས་མཁས་དབང་རྣམས་ཀྱིས་བསྟན་དོན། ཚད་ལྡན་སྒྱུར་ཡིག་འདིའི་ནང་དོན་ཞིབ་ཅིང་ཕྲ་ལ་བཀོལ་སྤྱོད་ཀྱི་རང་བཞིན་ཤུགས་ཆེ་ལྡན་པས། ཁྱབ་གདལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས། བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་བཟོ་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱེད་དགོས་པ་དང་། བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ལ་དོ་དམ་བྱ་རྒྱུར་བཟུང་བྱ་ནུས་ལྡན་མཁོ་འདོན་བྱེད་དགོས་ཤིང་། རྩ་བ་རང་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་ཕན་ཐོགས་ཡོད་ལ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་ཐུབ་ཅེས་གསུངས།

བཀས་བཅད་ཚོགས་འདུ་གྲོལ་རྗེས། རྣམ་གྲངས་ཚོགས་ཆུང་གིས་བཀས་བཅད་བསམ་འཆར་གྱི་རྨང་གཞིའི་ཐོག<<སྤྱི་པའི་ཞབས་ཞུ་ཁྱབ་ཁོངས་ཀྱི་བོད་ཡིག་ཚད་ལྡན་སྒྱུར་ཡིག>>(ཚོད་ལྟའི་ལག་བསྟར)བཟོ་འབེབས་བྱས་ཤིང་། རང་སྐྱོང་ལྗོངས་བོད་སྐད་ཨུད་(རྩོམ་སྒྱུར་ཅུད)བརྒྱུད་དེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་གནས)ཁག་དང་འབྲེལ་ཡོད་ཚན་པ་ཁག་ལ་འོས་སྦྱོར་བྱས་ཏེ་ཞིབ་བསྡུར་ཚོད་ལྟ་སྤེལ་བ་དང་ཆབས་ཅིག་དྲིལ་བསྒྲགས་ཁྱབ་གདལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས། བེད་སྤྱོད་བྱེད་པའི་ཁྲོད་ཕན་འབྲས་ཐོབ་རྒྱུར་བརྩོན་ལེན་ཧུར་ཐག་བྱས་ཏེ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་དང་དོ་དམ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས།