无障碍阅读 关怀版

འཇམ་དབྱངས་མཆོག་རྒྱལ་དང་བཅས་པ་ཉིང་ཁྲི་དང་ལྷོ་ཁར་བསྐྱོད་ནས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཚད་ལྡན་མིང་གཞུང་དང་སྤྱི་ཚོགས་ཐོག་གི་སྐད་གཉིས་ཚད་ལྡན་བེད་སྤྱོད་བྱ་ཚུལ་ལ་བརྟག་ཞིབ་གནང་བ།

དུས་ཚོད། 2022-07-25 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

<<བོད་རང་སྐྱོང་ལྗོངས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཚད་ལྡན་མིང་གཞུང་བོད་རྒྱ་ཤན་སྦྱར>>གྱི་རྩོམ་སྒྲིག་རྣམ་གྲངས་ལེགས་གྲུབ་ཡོང་ཆེདདང་། སྤྱི་ཚོགས་ཐོག་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་སྐད་གཉིས་ཚད་ལྡན་བེད་སྤྱོད་བྱ་ཚུལ་དང་སྐད་གཉིས་ལོ་ཙཱའི་གསོ་སྦྱོང་གི་དགོས་མཁོའི་གནས་ཚུལ་སྔར་བས་ཤེས་རྟོགས་བྱེད་ཆེད། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མཐུན་སྦྱོར་བྱས་པ་བརྒྱུད། གཞུང་ལས་ཁང་(ཅུད)གི་ཏང་ཙུའུ་ཡི་བཀོད་སྒྲིག་ལྟར། 2022ལོའི་ཟླ་6ཚེས་10ནས་ཚེས་28ཉིན་བར། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)འཇམ་དབྱངས་མཆོག་རྒྱལ་དང་། བཀས་བཅད་ཁྲུའུ་ཡི་ཁྲུའུ་ཀྲང་ཡེ་ཤེས་བཟང་པོ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་བོད་སྐྱོར་ལས་བྱེད་པ་དང་བཀས་བཅད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་འབྲུག་ལྷ་བཅས་ལས་གྲུབ་པའི་བརྟག་ཞིབ་ཚོགས་ཆུང་། ཉིང་ཁྲིའི་རྫོང་(ས་ཁུལ)ཁག་7དང་ལྷོ་ཁའི་རྫོང་ཁག་5ལ་བསྐྱོད་དེ་བརྟག་ཞིབ་དང་ཞིབ་བཤེར་མཛུབ་ཁྲིད་གནང་བ་དང་སྦྲགས། <<རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་མེ་ལོང་>>ལག་དེབ་གཤམ་སྤྲོད་བྱས་ཡོད། ཉིང་ཁྲི་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དང་། མི་རིགས་ཆོས་ལུགས་ཅུས། དེ་བཞིན་རྗོང་(ས་ཁུལ)ཁག་སོ་སོའི་རྩོམ་སྒྱུར་སྡེ་ཁག་དང་། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག མི་རིགས་ཆོས་ལུགས་སྡེ་ཁག་གི་འབྲེལ་ཡོད་མི་སྣ་བརྟག་ཞིབ་ལས་དོན་ནང་ཞུགས་ཡོད།

བརྟག་ཞིབ་ཚོགས་ཆུང་གིས་ས་ཡུལ་དངོས་བརྟག་ཞིབ་དང་། ས་གནས་དེ་གའི་མཁས་དབང་རྣམས་ལ་བཅར་འདྲི། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ལྟ་ཀློག་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ། ཉིང་ཁྲི་དང་ལྷོ་ཁ་གྲོང་ཁྱེར་གཉིས་ཀྱི་རྫོང་(ས་ཁུལ)ཁག་12ཀྱི་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་དང་། རྩོམ་སྒྱུར་སྡེ་ཁག མི་རིགས་ཆོས་ལུགས་སྡེ་ཁག དེ་བཞིན་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་མཁོ་འདོན་བྱས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་དཔྱད་གཞི་རྣམས་ལ་ཞིབ་བསྡུར་བྱས་པ་དང་། རྫོང་(ས་ཁུལ)ཁག་12ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཡོངས་ཀྱི་ཕྱག་བཏབ་པའི་དུས་ཚོད་དང་། མིང་གི་འབྱུང་ཁུངས། གྲུབ་མཐའི་ཁོངས་གཏོགས། ཞིབ་ཕྲའི་གནས་ཡུལ། རིག་དངོས་སྲུང་སྐྱོབ་སོགས་ཀྱི་ཐད་ལ་ཞིབ་ཕྲའི་རྒྱུས་ལོན་དང་ཟིན་ཐོ་བཀོད་དེ་ཁུངས་འཚོལ་ར་སྤྲོད་བྱས་པ་མ་ཟད། མིང་གཞུང་རྩོམ་སྒྲིག་བྱེད་པར་མཁོ་བའི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་འཚོལ་བསྡུ་བྱས་ཏེ། འཁྲུལ་མེད་ཡང་དག་དང་ཞིབ་ཕྲ་ཚད་ལྡན་ཡོང་བར་བྱས་པ་དང་། དུས་མཚུངས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་མིང་གི་རྒྱ་བོད་ལོ་ཙཱའི་ཁྲོད་གནས་པའི་གནད་དོན་ཐད་ལ་ཚད་ལྡན་བཟོ་རྒྱུའི་བླང་བྱ་བཏོན་ཡོད། ཐེངས་འདིའི་བརྟག་ཞིབ་ཀྱིས<<བོད་རང་སྐྱོང་ལྗོངས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཚད་ལྡན་མིང་གཞུང་བོད་རྒྱ་ཤན་སྦྱར>>ཁྲོད་ཀྱི་ཉིང་ཁྲི་དང་ལྷོ་ཁའི་ནང་དོན་ཁག་རྩོམ་འབྲི་བྱེད་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

དུས་མཚུངས་སུ་རང་ལྗོངས་ཀྱི་རྒྱ་བོད་ཐ་སྙད་གསར་པའི་ཡིག་སྒྱུར་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ལས་དོན་ལེགས་པོ་སྒྲུབ་ཆེད། གཞི་རིམ་གྱི་ཡིག་སྒྱུར་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་ཐབས་ཐད་ཀྱི་ཞིབ་ཕྲའི་གནད་དོན་ཤེས་རྟོགས་བྱས་ཡོད། དེ་མིན། བརྟག་ཞིབ་ཚོགས་ཆུང་གིས་རྫོང་(ས་ཁུལ)ཁག་12ལམ་རྒྱུད་ཀྱི་ལམ་རྟགས་དང་། ས་མིང་མཚོན་རྟགས་བྱང་བུ། བརྡ་ཁྱབ་བྱང་བུ་སོགས་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ལ་ཞིབ་བཤེར་མཛུབ་ཁྲིད་བྱས་ཡོད། ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་ཚད་ལྡན་མ་ཡིན་པ་དང་། ཚད་གཞི་མ་ལོན་པ། ཡིག་ནོར་དང་ཆད་སྐྱོན་སོགས་ཀྱི་གནད་དོན་དུས་ཐོག་ཏུ་རྫོང་(ཁུལ)ཁག་གི་འབྲེལ་ཡོད་པུའུ་ལ་བསམ་འཆར་བཏོན་ནས། དུས་ཐོག་ཏུ་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རྫོང་(ཁུལ)ཁག་སོ་སོའི་འགན་བགོས་འགོ་ཁྲིད་དང་རྩོམ་སྒྱུར་ཅུད་ཀྱི་འགན་འཁུར་མི་སྣ་དང་སྤེལ་རེས་མཐུན་སྦྱོར་བྱས་ཏེ། གཞི་རིམ་གྱི་ཚད་ལྡན་བོད་ཡིག་ཐ་སྙད་གསར་པ་ཁྱབ་གདལ་དང་བེད་སྤྱོད་བྱ་ཚུལ། སྐད་གཉིས་ཡིག་སྒྱུར་གྱི་ཤེས་ལྡན་པ་གསོ་སྦྱོང་གི་དགོས་མཁོ་བཅས་ལ་ཤེས་རྟོགས་ཞིབ་ཕྲ་གནང་ཡོད། བརྟག་ཞིབ་ཁྲོད་ཤེས་རྟོགས་བྱུང་གསལ།  རྫོང་(ཁུལ)ཁག་སོ་སོས་ཚད་ལྡན་གྱི་ཐ་སྙད་གསར་པ་གཅིག་གྱུར་གྱིས་བེད་སྤྱོད་ཐུབ་པ་དང་། ཡིག་སྒྱུར་ལས་བྱེད་པར་གཞི་རྩའི་ཆ་ནས་ལས་སྒོའི་རེས་སྐོར་གསོ་སྦྱོང་བྱུང་ཡོད་པས། སྐད་གཉིས་ཡིག་སྒྱུར་གྱི་ནུས་པ་དང་ཆུ་ཚད་ངེས་ཅན་མཐོ་རུ་ཕྱིན་ཡོད། རྗེས་མར་གཞི་རིམ་ལས་བྱེད་པའི་སྐད་གཉིས་ཡིག་སྒྱུར་གསོ་སྦྱོང་བྱེད་ཤུགས་སྔར་བཞིན་ཆེ་རུ་གཏོང་དགོས་པ་དང་། ལྷག་པར་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ནུས་པ་ཆེ་རུ་གཏོང་དགོས་པ་མ་ཟད། ཆོས་ལུགས་ཁྱབ་ཁོངས་ཚུད་པའི་སྐད་གཉིས་ཕན་ཚུན་ཕབ་སྒྱུར་གྱི་ཆུ་ཚད་ཀྱང་མཐོ་རུ་གཏོང་དགོས་པའི་རེ་བ་བཏོན་ཡོད།

འཇམ་དབྱངས་མཆོག་རྒྱལ་གྱིས་རྫོང་(ཁུལ)སོ་སོའི་བོད་སྐད་ཡིག་གི་རྩོམ་སྒྱུར་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་སྦྲགས་བླང་བྱ་བཏོན་ཡོད་དེ། རྩོམ་སྒྱུར་འཐབ་ཕྱོགས་ཀྱི་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེའི་དར་ཆ་མཐོན་པོར་སྒྲེང་དགོས་པ་དང་། དུས་རབས་གསར་པའི་མི་རིགས་ལས་དོན་གྱི་གཙོ་རྐང་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ། “དོན་ཆེན་བཞི”དམ་འཛིན་དང་“འགན་ལེན་བཞི”མངོན་འགྱུར་ཡོང་བ། “འཛུགས་གཏོད་བཞི”དང་“མདུན་གྲལ་དུ་སླེབས་པ་བཞིར”བརྩི་སྲུང་དང་ཞབས་ཞུ་སྒྲུབ་རྒྱུར་དམ་པོར་དམིགས་ནས། བོད་སྐད་ཡིག་གི་རྩོམ་སྒྱུར་དང་སྐད་གཉིས་ཤེས་ལྡན་མི་སྣ་གསོ་སྐྱོང་། གཞི་རིམ་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ནུས་པ་གསོ་སྐྱོང་སོགས་ཀྱི་ལས་དོན་ལེགས་པར་སྒྲུབ་པར་འབད་རྩོན་བྱེད་དགོས་པ་དང་། རྩོམ་སྒྱུར་སྡེ་ཁག་གི་སྐད་ཡིག་ཞབས་ཞུའི་ནུས་པ་དང་དམངས་ཀྱི་དོན་དུ་དངོས་དོན་སྒྲུབ་པའི་ནུས་པ་མཐོ་རུ་གཏོང་བམཐུན་སྒྲིལ་དང་འབྱོར་ཕྱུག་ཤེས་དཔལ་འཆམ་མཐུན་མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་སྐོང་ཚོགས་ཐུབ་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས།