无障碍阅读 关怀版

2022ལོའི་བོད་སྐད་ཡིག་ཐ་སྙད་གསར་པའི་བཀས་བཅད་ཚོགས་འདུ་འཚོགས་པ།

དུས་ཚོད། 2022-11-30 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཟླ་11ཚེས་27ཉིན། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུད་ཀྱིས་གཙོ་གཉེར་བྱས་པ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་རོགས་གཉེར་བྱས་པའི་2022ལོའི་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུད་ཀྱི་བོད་སྐད་ཡིག་ཐ་སྙད་གསར་པའི་ཡིག་སྒྱུར་མཁས་དབང་གི་བཀས་བཅད་ཚོགས་འདུ་དེ་དྲ་ཐོག་ནས་སྐོང་འཚོགས་བྱས་པ་རེད། པེ་ཅིང་དང་། བོད་ལྗོངས། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་ཀྱི་རིགས་གཅིག་མཁས་ཅན་34དྲ་ཐོག་ཏུ་འཛོམས་ཡོད། ཀྲུང་གོ་མི་རིགས་སྐད་ཡིག་རྩོམ་སྒྱུར་ཅུད་བོད་ཡིག་ལས་དོན་ཁང་གི་ཀྲུའུ་རེན་བློ་ཁོས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་འཛིན་པ་ཚེ་རིང་བཀྲ་ཤིས་ཀྱིས་ཤིས་ཚིག་གསུངས། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཅིན་དབྱིན་ཧའོ་ཡིས་གསུང་བཤད་གནང་ཡོད།

ཅིན་དབྱིན་ཧའོ་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་ཐིག་ཏུ་བཟུང་བ་དང་། མི་རིགས་སྐད་ཡིག་ལས་དོན་སྔར་བས་ཡག་པོ་སྒྲུབ་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ཡང་དག་ཡོང་བ་བྱས་ནས། ཐ་སྙད་གསར་པའི་ཡིག་སྒྱུར་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་དང་། ཁོང་གིས་ནན་བཤད་གནང་དོན། གཅིག་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ་དང་། གཉིས་ནས་ཡིག་སྒྱུར་གྱི་ཚད་གཞི་མཐོ་བ་དང་བླང་བྱ་ནན་པོ་མཐའ་འཁྱོངས་བྱེད་དགོས། གསུམ་ནས་བབ་བསྟུན་ངང་“སྔོག་གཏོད་གཡར”གྱི་ཡིག་སྒྱུར་བྱེད་ཐབས་དང་ཐབས་རྩལ་དཔྱད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་རིགས་གཅིག་མཁས་ཅན་ཚོས་ཉེ་བའི་ལོ་གཅིག་རིང་རྒྱལ་ཡོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་དང་། རྒྱལ་ཡོངས་ཀྱི་“ཚོགས་འདུ་གཉིས” གསུང་རབ་བརྩམས་ཆོས། བཅའ་ཁྲིམས་དང་ཁྲིམས་སྲོལ། སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་གི་ནང་ཐོན་པའི་ཐ་སྙད་གསར་པ་དང་ཞིབ་གླེང་གལ་ཆེན་ཁག་གཅིག་ཞིབ་གཏན་བྱས་པ་དང་། དེ་སྔའི་ཐ་སྙད་གསར་པའི་བཀས་བཅད་ལས་དོན་ཁྲོད་ལྷག་པའི་ཚད་ལྡན་མིན་པ་དང་དོགས་གཞི་ཡོད་པའི་ཐ་སྙད་ལ་ཞིབ་འཇུག་གྲོས་བསྡུར་བྱས་ཡོད། ཐེངས་འདིའི་ཚོགས་འདུའི་ཐོག་བསྡོམས་ཐ་སྙད་གསར་པ་273ལྷག་ཙམ་ཞིབ་གཏན་བྱས་པ་དང་འབྲེལ་བོད་འབྲེལ་ས་ཁུལ་གྱིས་ཡང་དག་ཚད་ལྡན་གྱི་བོད་ཡིག་ཐ་སྙད་གསར་པ་གཅིག་གྱུར་ཐོག་བེད་སྤྱོད་གཏོང་རྒྱུ་དང་།ཐ་སྙད་གསར་པའི་གྲངས་མཛོད་དང་APPའཛུགས་བསྐྲུན་བཅས་ཀྱི་ཕྱོགས་ལ་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་གཞི་བཏོན་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(ཅུད)གི་ཀྲུའུ་རེན་གཞོན་པ་(ཅུད་ཀྲང་གཞོན་པ)ཚེ་རིང་གཡུ་སྒྲོན་དང་། འཇམ་དབྱངས་མཆོག་རྒྱལ། རྩོམ་སྒྱུར་ཁྲུའུ་ཡི་གདུགས་དཀར་ཚེ་རིང་། བཀས་བཅད་ཁྲུའུ་ཡི་ཆོས་ནོར་བཅས་བཀས་བཅད་ཚོགས་འདུར་ཞུགས་པ་མ་ཟད་བཀས་བཅད་ཐ་སྙད་87འདོན་སྤྲོད་བྱས་ཡོད།

ཀྲུང་གོ་མི་རིགས་ཡིག་སྒྱུར་ཅུད་བོད་ཡིག་ལས་དོན་ཁང་གི་ཀྲུའུ་རེན་བློ་ཁོ་ཡིས་ཐེངས་འདིའི་ཚོགས་འདུར་ཕྱོགས་བསྡོམས་གནང་བ་དང་སྦྲགས་སང་ལོའི་ལས་ཀའི་འཆར་གཞི་བཀོད་སྒྲིག་བྱས་ཡོད།