无障碍阅读 关怀版

ལེ་བར་སྟོང་གི་འཚམས་འདྲིའི་དྲོ་སྐྱིད་བསྟབས། བཅའ་སྡོད་རུ་ཁག་བརྩེ་བ་ཆེན་པོས་བསྐྱངས། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་གྲོང་ཚོར་བཅའ་སྡོད་རུ་ཁག་ལ་འཚམས་འདྲི་ཞུས་པ།

དུས་ཚོད། 2024-01-23 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

གྲོང་ཚོར་བཅའ་སྡོད་ལས་བྱེད་པར་ཐུགས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུར་སྔར་བས་ཤུགས་སྣོན་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་ཆེད། 2024ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་འདིར། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུ)གི་རིམ་གཉིས་སྐོར་ཞིབ་པ་ཁྲང་ཧྥུའུ་ལིའང་གིས་རུ་སྣེ་ཁྲིད་དེ་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ར་ཡུལ་ཤང་དགའ་གོང་གྲོང་ཚོ་དང་སྐྱིད་སྒང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་འཚམས་འདྲི་བྱས་པ་མ་ཟད། “ཆ་སྒྲིག་གཉེན་འཚོལ”གྱིས་དཀའ་ངལ་ཡོད་པའི་དུད་ཚང54ལ་འཚམས་འདྲི་དང་རོགས་སྐྱོར་ཡང་བྱས་པ་རེད།  

གྲོང་ཚོར་བཅའ་སྡོད་བྱ་ཡུལ་དུ་ཁྲང་ཧྥུའུ་ལེའང་གིས་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་བསམ་བློ་བརྗེ་རེས་བྱས་པ་དང་། གཞུང་ལས་ཁང(ཅུ)གི་ཏང་ཙུའུ་ཡིསབཅའ་སྡོད་ལས་བྱེད་པར་ཐུགས་ཁུར་ཟབ་བཞེས་གནང་ལུགས་བརྒྱུད་བསྒྲགས་བྱས་པ་མ་ཟད། གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་འཚོ་བ་དང་བདེ་ཐང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་ཁར་།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་དོན་སྙན་ཞུ་ནན་ཏན་ངང་གསན་པ་དང་ཁོང་ཚོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

ཁྲང་ཧྥུའུལིའང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གཅིག་ནས་བསམ་བློའི་ངོས་འཛིན་གྱི་ཆུ་ཚད་དང་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེལས་འགན་ཏན་ཏིག་སྒྲུབ་པ་དང་། འཇོན་ནུས་མཐོར་འདེགས་གཏོང་བ། རྒྱ་བོད་སྐད་ཡིག་ཡིག་སྒྱུར་ལས་དོན་གྱིབྱང་ཆ་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་ཀྱིས་གོ་བདེ་བའི་སྐད་ཡིག་དང་། ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་ཀྱིས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དུད་ཚང་མི་རེ་ངོ་རེ་དང་མི་སོ་སོར་དྲིལ་བསྒྲགས་བྱེད་དགོས། དུས་མཚུངས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བཟུང་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཧུར་ཐག་བཏང་སྟེ། ས་གནས་དེ་གའི་མང་ཚོགས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། མི་སེམས་གཅིག་སྒྲིལ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་ཞབས་འདེགས་ཞུས་ནས་ས་གནས་དེ་གའི་མང་ཚོགས་ཀྱི་བསམ་བློའི་ངོས་འཛིན་ལ་འགྱུར་ལྡོག་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། མང་ཚོགས་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་དགོས་པ་སྟེ། དགའ་གོང་གྲོང་ཚོ་དང་སྐྱིད་སྒང་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་གཏོང་བར་དཀའ་ཁག་མང་ཙམ་ཡོད་པའི་དོན་དངོས་དང་ཟུང་འབྲེལ་གྱིས་གྲོང་མི་སྒྲིག་འཛུགས་བྱས་ནས་ངལ་ནུས་ཕྱིར་གཏོང་ཐད་འབད་བརྩོན་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་བཅད་དེཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གསུམ་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཤུགས་ཆེར་གཏོང་བ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པ གྲོང་ཚོར་བཅའ་སྡོད་ལས་དོན་གྱི་སྒྲིག་ཁྲིམས་བླང་བྱར་བརྩི་སྲུང་ནན་པོ་ཞུ་བ། བདེ་འཇགས་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པ། ས་ཁོངས་དོ་དམ་ལ་བརྩི་སྲུང་མཐའ་གཅིག་ཏུ་བྱས་ཏེ།  གྲོང་ཚོར་བཅའ་སྡོད་ཀྱི་ས་ཡུལ་དངོས་ལ་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གི་ལས་བྱེད་པའི་འགན་འཁྲི་འཁུར་སེམས་དང་སྙིང་སྟོབས་མཚོན་པར་བྱེད་དགོས་བཅས་ཕྱོགས་གསུམ་ནས་བླང་བྱ་བཏོན་པ་རེད།  

འཚམས་འདྲི་ཞུ་ཞོར་དུ་ཁྲང་ཧྥུའུལིའང་དང་བཅས་པས་གཅིག་ནས་དགའ་གོང་གྲོང་ཚོ་དང་སྐྱིད་སྒང་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཏང་ཡོན་མང་ཚོགས་འཐུས་མི་ཁག་གཅིག་སྒྲིག་འཛུགས་བྱས་ཏེལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་།  དེར་མང་ཚོགས་ཀྱིས་གོ་བདེ་ལ་གསོན་ཉམས་ལྡན་པའི་ཚིག་བཀོལ་ནས་དམངས་འཚོའི་བྱ་ཐབས་གལ་ཆེན་དང་ལས་ཀའི་གཙོ་གནད་སོགས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་གར་བཞུགས་པའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་མང་ཚོགས་ཚང་མར་བརྒྱུད་བསྒྲགས་བྱས་པ་རེད། གཉིས་ནས་གྲོང་ཚོ་ཨུ་ལྷན་གཉིས་དང་བཞུགས་མོལ་བྱས་ནས་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ། གྲོང་མིར་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་རྒྱུས་ལོན་བྱས་པ་མ་ཟད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་ཐད་ནུས་པ་ཇི་ལྟར་འདོན་སྤེལ་བྱེད་དགོས་པའི་ཐད་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་སྟེ། དབྱར་རྩྭ་དགུན་འབུ་རྐོ་བ་དང་། འཐུང་ཆུ་དང་འགྲོ་ལམ་ཉམས་གསོ་སོགས་མང་ཚོགས་ཀྱིས་བཏོན་པའི་གནད་དོན་དུས་ཐོག་ཏུ་དཔལ་འབར་རྫོང་རབ་ཡུལ་ཤང་གི་འགོ་ཁྲིད་ལ་ལན་སྤྲོད་དང་སྤེལ་རེས་བྱས་པ་རེད།  གསུམ་ནས་གཞུང་ལས་ཁང(ཅུ)གི་ལས་བྱེད་པ་དང་། དགའ་གོང་གྲོང་ཚོ། སྐྱིད་སྒང་གྲོང་ཚོའི་གྲོང་མིའི་བར་གྱི“ཆ་སྒྲིག་གཉེན་འཚོལ”གྱི་བྱེད་སྒོ་སྤེལ་བ་རེད། གཞུང་ལས་ཁང(ཅུ)གི་ལས་བྱེད་པ་ཡོངས་ཀྱིས་མ་དངུལ་རང་གྲབས་བྱས་ནས་གྲོང་ཚོ་དེ་གཉིས་ཀྱི་དཀའ་ངལ་ཡོད་པའི་དུད་ཚང54ལ་འཚམས་འདྲི་དང་རོགས་སྐྱོར་བྱས་པར་ཁྱོན་མ་དངུལ་སྒོར27000བཏང་ཡོད་པ་དང་། དེ་ནི་ལག་ལེན་དངོས་ཀྱི་ཐོག་ནས་འབོད་སྐུལ་དང་ལེན་བྱས་པ་ཡིན་ལ། རྒྱུན་རྣམ་ཅན་གྱི་ཐོག་ནས་རོགས་སྐྱོར་ལས་དོན་སྤེལ་བ་ཞིག་ཀྱང་ཡིན་པས། མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱས་པར་མ་ཟད། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བའང་སྔར་བས་ཟབ་ཏུ་བཏང་བ་རེད།