རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས<<སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་བོད་ཡིག་ཚད་ལྡན་སྒྱུར་ཡིག>>དཔེ་དེབ་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ།
2024ལོའི་ཟླ་4པའི་ཚེས་3ཉིན། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས<<སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་བོད་ཡིག་ཚད་ལྡན་སྒྱུར་ཡིག>>དཔེ་དེབ་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ་རེད། འགྲེམས་བསྒྲགས་ཚོགས་འདུའི་ཐོག་སློབ་གསོ་པུའུ་དང་རྒྱལ་ཁབ་སྐད་ཨུད་སྐད་ཡིག་ཆ་འཕྲིན་དོ་དམ་སིའི་སི་ཀྲང་གཞོན་པ་ལིའུ་ཧུང་གིས་བརྙན་ལམ་ནས་ཤིས་ཚིག་གསུངས་པ་དང་། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན(ཅུད་ཀྲང་)ཟླ་བ་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་བོད་སྐད་ཨུད་ཀྱི་ཁོངས་མིའི་ཚན་པ། ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)7དང་། དེ་བཞིན་རྫོང་དང་ཆུས་ཁག་གཅིག་གི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་འཐུས་མི། ཁེ་ལས་དང་ལས་དོན་སྡེ་ཚན་གྱི་འཐུས་མི་བཅས་འགྲེམས་བསྒྲགས་ཚོགས་འདུར་ཞུགས་ཡོད།
ལིའུ་ཧུང་གིས་ཤིས་ཚིག་ཁྲོད་གསུངས་དོན། <<སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་བོད་ཡིག་ཚད་ལྡན་སྒྱུར་ཡིག>>ནི་རྒྱལ་ཁབ་སྐད་ཨུད་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་ཚན་ཞིབ་རྣམ་གྲངས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། དེས་བོད་ཡིག་ཚད་ལྡན་དུ་སྤྱོད་པ་དང་དོ་དམ་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ། གྲངས་ཉུང་མི་རིགས་མང་ཚོགས་ལ་སྐད་ཡིག་ཞབས་ཞུ་དེ་བས་ཡག་པ་མཁོ་འདོན་བྱས་ཡོད་ཅེས་གསུངས།
ཟླ་བ་ཚེ་རིང་གིས་གསུང་བཤད་གནང་དོན། 2019ལོར་བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་སློབ་གསོ་པུའུ་དང་རྒྱལ་ཁབ་སྐད་ཨུད་ཀྱི་མངགས་བཅོལ་ལྟར། “ཁྲིམས་མཐུན་གྱི་རང་བཞིན་དང་། ཚད་ལྡན་གྱི་རང་བཞིན། ཞབས་ཞུའི་རང་བཞིན། གོ་བདེའི་རང་བཞིན། ཤེས་དཔལ་གྱི་རང་བཞིན”བཅས་ཀྱི་ཡིག་སྒྱུར་རྩ་དོན་གཞིར་བཟུང་།<<སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་བོད་ཡིག་ཚད་ལྡན་སྒྱུར་ཡིག>>གི་ཞིབ་འཇུག་དང་གཏན་འབེབས་ལས་དོན་སྤེལ་ཡོད། ལོ་ངོ་གསུམ་ལྷག་གི་འབད་བརྩོན་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)བདུན་གྱི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་བསམ་འཆར་དང་གྲོས་འགོ་ལ་ཉན་ཞིང་། བཀས་བཅད་ཨུ་ཡོན་ལྷན་ཁང་གི་རིགས་གཅིག་མཁས་དབང་ཚོས་ཞུས་བཤེར་དང་ཞིབ་གཏན་བྱས་མཐར། <<སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་བོད་ཡིག་ཚད་ལྡན་སྒྱུར་ཡིག(ཚོད་ལྟའི་པར་མ)>>དེ་བསྒྲིགས་ཡོད། དཔེ་དེབ་ཀྱི་སྤུས་ཚད་ལ་འགན་ལེན་བྱ་ཆེད། སྔོན་ལ་ཚོད་ལྟའི་པར་མ་ཉུང་ཤས་ཤིག་པར་འདེབས་བྱས་རྗེས་བཀོལ་སྤྱོད་བྱས་པ་དང་། དེ་ནས་བཀོལ་སྤྱོད་ཐད་ཀྱི་ལན་སྤྲོད་བསམ་འཆར་ཕྱོགས་བསྡུས་དང་བཟོ་བཅོས་བརྒྱབ་སྟེ་མ་ཟིན་དངོས་སུ་གཏན་འཁེལ་བྱས་པ་རེད། དཔེ་དེབ་འདིའི་ནང་རྒྱུན་སྤྱོད་ཞབས་ཞུའི་ཁྱབ་ཁོངས་ཀྱི་སྤྱི་པའི་ཞབས་ཞུའི་རིགས་22ཀྱི་ཆ་འཕྲིན་ཚད་ལྡན་སྒྱུར་ཡིག་ཁག4200ལྷག་ཙམ་བསྡུས་ཡོད། དེར་ནང་དོན་ཅུང་ཆ་ཚང་ལ། ཡིག་སྒྱུར་ཚད་ལྡན་དང་གནད་ལ་འཁེལ་བ། མཛུབ་ཁྲིད་རང་བཞིན་དང་ཉེར་སྤྱོད་རང་བཞིན་ཆེ་བས། རང་ལྗོངས་ཀྱི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་བོད་ཡིག་ཡིག་སྒྱུར་གྱི་རྨང་གཞིའི་ཚད་གཞི་ཞིག་ཏུ་གྱུར་ཡོད།
<<ཚད་ལྡན་སྒྱུར་ཡིག>>འདི་འགྲེམས་བསྒྲགས་བྱས་པ་དེས་རྨང་གཞིའི་རང་བཞིན་དང་། དབང་གྲགས་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱེད་པ་དང་། རང་ལྗོངས་ཀྱི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་བོད་ཡིག་གི་སྒྱུར་ཡིག་སྔར་བས་ཚད་ལྡན་དུ་གཏོང་བ། སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་དུ་བཅོས་སྐྱོང་བྱེད་པའི་མཉམ་ཤུགས་ཆགས་པ། སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་ལ་སྐད་ཡིག་གི་ཁོར་ཡུག་ལེགས་པོ་ཞིག་གཏོད་པ་བཅས་ཀྱི་ཕན་པ་བསྐྲུན་ཡོད།