རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་༢༠༢༤ལོའི “རྩོམ་སྒྱུར་འཆད་སྟེགས” ཐེངས་དང་པོ་སྤེལ་བ།
ལྗོངས་ཡོངས་ཀྱི་ཡིག་སྒྱུར་ལས་སྒོའི་མི་སྣའི་ཕྱོགས་བསྡུས་བྱང་ཚད་སྔར་བས་མཐོ་རུ་གཏོང་བ་དང་ཡིག་སྒྱུར་གྱི་སྤྱི་ཚོགས་ཞབས་ཞུའི་ནུས་འབྲས་ལེགས་སུ་གཏོང་ཆེད། ཟླ་7ཚེས་19ཉིན། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་༢༠༢༤ལོའི“རྩོམ་སྒྱུར་འཆད་སྟེགས” ཐེངས་དང་པོ་སྤེལ་བ་དང་། རྒྱལ་ཁབ་ཀྱི་རྩོམ་པ་པོ་རིམ་པ་དང་པོ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་བཞེས་མཁན་རིགས་གཅིག་མཁས་དབང་། བོད་ལྗོངས་གཞས་མ་གཏམ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཕུན་ཚོགས་བཀྲ་ཤིས་ཆེད་མངག་གདན་དྲངས་ནས་འཆད་ཁྲིད་སྤེལ་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་དང་མི་དམངས་འཐུས་ཚོགས། སྲིད་གྲོས་དོན་གཅོད་ཐིང་། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་། རང་སྐྱོང་ལྗོངས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས། ལྷ་ས་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྩོམ་སྒྱུར་ཚན་པ། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོགས་ཀྱི་ཡིག་སྒྱུར་ལས་སྒོའི་མི་སྣ་༨༠ལྷག་འཆད་ཁྲིད་ལ་ཞུགས། གཞུང་ལས་ཁང་(ཅུད)གི་རིམ་གཉིས་སྐོར་ཞིབ་པ་ལྷག་ཆུང་གིས་འཆད་ཁྲིད་གཙོ་སྐྱོང་བྱས་པ་རེད།
འཆད་ཁྲིད་ཁྲོད་ཕུན་ཚོགས་བཀྲ་ཤིས་ཀྱིས་རང་ཉིད་ཀྱིས་བརྩམས་པའི་རིག་གནས་ལྷུག་རྩོམ<<ཤུལ་འཚོལ>>ཞེས་པ་གཞིར་བཟུང་ནས། ཉེ་བའི་ལོ་ངོ་བཅུ་ཕྲག་རིང་གི་རྩོམ་རིག་ཡིག་སྒྱུར་ལག་ལེན་དང་འབྲེལ་ཏེ་སྐད་འཚོར་དང་མཛེས་ཉམས་ལ་སྣང་ཆེན་བྱས་ནས་རང་གི་ཤེས་བྱའི་མ་ལག་འཛུགས་པ་དང་། རིག་གནས་ཀྱི་རྒྱབ་ལྗོངས་དང་ཁྱད་ཆོས་ལ་སྣང་ཆེན་བྱས་ནས་མ་ཡིག་གི་སྐད་ཉམས་སོར་འཇོག་བྱེད་པ། མཛེས་ཉམས་དང་མཐུན་བདེ་དོ་མཉམ་ལ་སྣང་ཆེན་བྱས་ནས་ཀློག་པ་པོར་ཡོངས་ཁྱབ་རང་བཞིན་དང་དམིགས་བསལ་རང་བཞིན་ལྡན་པའི་མཛེས་དཔྱོད་ཉམས་སྣང་འདོན་སྤྲོད་བྱེད་པ། སྐད་ཆ་བརྗོད་སྟངས་ཀྱི་གཏིང་ཤུགས་དང་དབྱེ་མཚམས་རྒྱ་སྐྱེད་པ། རྩོམ་རིག་དང་རིག་རྩལ་གྱི་མཛེས་དཔྱོད་བརྗེ་རེས་གསར་པ་གཏོད་པ་བཅས་ཕྱོགས་ལྔ་ནས་རྩོམ་རིག་ཡིག་སྒྱུར་ཁྲོད་ཀྱི་སྒྲིག་གཞི་བསྐྱར་བཞེངས་དང་། བརྡ་སྤྲོད་སྟངས། དཀའ་གནད་སེལ་ཐབས་སོགས་ལ་ཞིབ་འགྲེལ་ཟབ་མོ་བྱས་ཡོད། དེ་བཞིན་ཡིག་སྒྱུར་ཁྲོད་རྩོམ་གྱི་སྒྲིག་གཞི་དང་དཔེ་ཀློག་གི་མྱོང་རོལ། མཛེས་དཔྱོད་ཀྱི་ནུས་འབྲས་སོགས་ལ་དམིགས་ནས་ལྟ་ཚུལ་དང་བྱ་ཐབས་དངོས་བཏོན་པ་རེད།
ཐེངས་འདིའི་འཆད་ཁྲིད་ཀྱི་བརྗོད་དོན་ཁ་གསལ་ཞིང་གོ་རིམ་ལྡན་ལ། ནང་དོན་ཕུན་སུམ་ཚོགས་པས་སློབ་སྦྱོང་དང་སྤེལ་རེས་ཀྱིས་བསམ་གཞི་བསྐྱེད་ཅིང་། ཕན་ཚུན་སློབ་རེས་དང་སྦྱོང་རེས་ཀྱིས་ཡར་རྒྱས་ཡོང་བའི་མཐའ་མའི་དམིགས་ཚད་དུ་སླེབས་ཡོད། ཚང་མས་ཐེངས་འདིའི་འཆད་ཁྲིད་གོ་སྐབས་སུ་བཟུང་སྟེ། ཡིག་སྒྱུར་གཞུང་ལུགས་ཀྱི་སློབ་སྦྱོང་ལ་སྔར་བས་ཤུགས་རྒྱག་པ་དང་ཡིག་སྒྱུར་ལག་ལེན་ཁྲོད་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་བཏང་ཐོག“གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། བྱ་གཞག་ལ་ཞབས་འདེགས་ཞུ་བ”བཅས་ཀྱི་ཆེད་དུ་རང་ནུས་གང་ཡོད་འདོན་རྒྱུ་ཡིན་ཞེས་བཤད།
རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་འགན་འཁྲི་ལ་མུ་མཐུད་གཞི་ཚུགས་ཏེ་ཞབས་ཞུའི་ཁྱབ་རྒྱ་སྔར་བས་ཆེ་རུ་གཏོང་བ་དང་། “རྩོམ་སྒྱུར་འཆད་སྟེགས”སོགས་འབྲེལ་ཡོད་ལས་སྟེགས་དེ“དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ”རྒྱ་སྐྱེད་པའི་གཞི་རྟེན་དང་ཐབས་ལམ་ཞིག་དུ་བརྩིས་ནས། ཡིག་སྒྱུར་གྱི་རྨང་གཞིའི་གཞུང་ལུགས་དང་ཉེར་སྤྱོད་ཞིབ་འཇུག་སྤེལ་རེས་སྔར་བས་ཡག་པོ་སྒྲུབ་པ་དང་། ཡིག་སྒྱུར་ལ་བརྟེན་ནས་ཞིབ་འཇུག་ལ་སྐུལ་ཁྲིད་བྱེད་པ། ཞིབ་འཇུག་ལ་བརྟེན་ནས་ཡིག་སྒྱུར་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་བཏོད་དེ། བོད་སྐད་ཡིག་ལས་དོན་གྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།