<<བོད་སྐད་ཡིག་གི་སྤུས་ཚད་མཐོ་བའི་ཚད་གཞི་དང་སྐད་མཛོད་མཉམ་དུ་བཟོ་རྒྱུའི་གྲོས་མཐུན>>ལ་མིང་རྟགས་འགོད་པའི་མཛད་སྒོ་ལྷ་སར་སྤེལ་བ།
མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་དང་། དེ་བཞིན་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་དམིགས་ནས་ཐུན་མོང་ཐོག་དབང་གྲགས་ཀྱི་རང་བཞིན་དང་། ཕྱོགས་བསྡུས་ཀྱི་རང་བཞིན། དངོས་སྤྱོད་ཀྱི་རང་བཞིན་བཅས་ལྡན་པའི་བོད་ཡིག་སྐད་མཛོད་སྐྲུན་ཆེད། ཟླ་8ཚེས་8ཉིན། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་སུའོ་གཉིས་ཀྱིས<<བོད་སྐད་ཡིག་གི་སྤུས་ཚད་མཐོ་བའི་ཚད་གཞི་དང་སྐད་མཛོད་མཉམ་དུ་བཟོ་རྒྱུའི་གྲོས་མཐུན>>ལ་མིང་རྟགས་འགོད་པའི་མཛད་སྒོ་ལྷ་སར་སྤེལ་བ་རེད།

མཛད་སྒོའི་ཐོག་ཕྱོགས་གཉིས་ཀའི་འགན་འཁུར་བས་ཤིས་ཚིག་བསྒྲོན་ནས་བོད་སྐད་ཡིག་ཚད་ལྡན་ཅན་གྱི་ཞིབ་འཇུག་དང་། སྐད་ཡིག་གི་ཐོན་ཁུངས་འཛུགས་སྐྲུན། རིག་གཞུང་སྤེལ་རེས། ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་ཐད་མཉམ་ལས་བྱ་རྒྱུའི་དོན་སྙིང་དང་མདུན་ལྗོངས་ལ་ཚད་མཐོའི་ཁས་ལེན་དང་རེ་བ་ནན་པོ་བྱས་པ་རེད། གཞུང་ལས་ཁང་(ཅུད)གི་ལས་དོན་གཙོ་སྐྱོང་བྱེད་པའི་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)སྐྱིད་སྐྱིད་ཀྱིས་བོད་སྐད་ཡིག་གི་སྤུས་ཚད་མཐོ་བའི་སྐད་མཛོད་ནི་རིག་གཞུང་ཞིབ་འཇུག་དང་། སློབ་གསོ་ཁྱབ་གདལ། ཡིག་སྒྱུར་ལག་ལེན། ལག་རྩལ་གསར་སྤེལ་བཅས་ཀྱི་རྨང་གཞིའི་ཐོན་ཁུངས་གལ་ཆེན་ཞིག་ཡིན་ལ། དེ་འཛུགས་སྐྲུན་དང་བེད་སྤྱོད་བྱས་པ་བརྒྱུད་ལས་རིགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་འགག་རྩའི་ནུས་པ་ཐོན་ཐུབ་པར་བརྟེན། ད་ཐེངས་ཀྱི་མཉམ་ལས་ལ་བརྟེན་ནས་ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས་ཐུབ་ངེས་ཡིན་པའི་ནན་བཤད་བྱས། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་སུའོ་ཡི་ལས་དོན་གཙོ་སྐྱོང་བྱེད་པའི་སུའོ་ཀྲང་གཞོན་པ་ཏིང་སའེ་ཡིས་སླད་ཕྱིན་རིགས་པའི་གཞུང་ལུགས་དང་། ཚན་ཞིབ་ལས་སྟེགས། ལག་རྩལ་ཐོན་ཁུངས་བཅས་ཀྱི་ཐད་ལ་ནུས་ཤུགས་གང་ཡོད་བཏོན་ཏེ། རྣམ་གྲངས་ཀྱི་ལས་རིམ་ཁག་རྒྱུད་མཐུད་སྐུལ་སྤེལ་བཏང་ནས་ཐུན་མོང་ཐོག་སྤུས་ཚད་མཐོ་བའི་སྐད་མཛོད་བསྐྲུན་པ་བརྒྱུད་ལས་རིགས་གོང་འཕེལ་ཡོང་བར་ལེགས་སྐྱེས་དང་སྟོབས་ཤུགས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད།

གྲོས་མཐུན་གྱི་མིང་རྟགས་བཀོད་པ་དེས། བོད་སྐད་ཡིག་གི་སྤུས་ཚད་མཐོ་བའི་ཚད་གཞི་དང་སྐད་མཛོད་རྣམ་གྲངས་དངོས་སུ་སྐྲུན་འགོ་ཚུགས་པ་མཚོན་ཡོད། གོམ་སྟབས་རྗེས་མར་ཕྱོགས་གཉིས་ཀས་ལག་བསྟར་ཇུས་གཞི་སྔར་བས་ཞིབ་ཕྲ་བཟོས་ཏེ། རྣམ་གྲངས་ཀྱི་སྐྲུན་སྤྱོད་སྤེལ་གསུམ་ཐད་གཉིས་ཕན་གང་ལེགས་ཡོང་ཐབས་བྱས་ནས་གྲངས་རིག་དུས་རབས་ཀྱི་བོད་སྐད་ཡིག་ལས་དོན་གསར་གཏོད་ངང་གོང་འཕེལ་འགྲོ་བར་སྔར་བས་ཆེ་བའི་ནུས་པ་གསར་པ་འདོན་རྒྱུ་རེད།



