<<རྒྱ་བོད་སྐད་ཟམ། བོད་སྐད་བརྗོད་པ་སྟོང་རྩ་མ>>ཞེས་པའི་དེབ་གསར་འགྲེམས་བསྒྲགས་ཚོགས་འདུ་ལྷ་སར་ཚོགས་པ།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་ཆེད། ཟླ་8ཚེས་13ཉིན། 《རྒྱ་བོད་སྐད་ཟམ། བོད་སྐད་བརྗོད་པ་སྟོང་རྩ་མ》ཞེས་པའི་དེབ་གསར་འགྲེམས་བསྒྲགས་དང་གཟིགས་འབུལ་མཛད་སྒོ་ལྷ་སར་སྤེལ་བ་རེད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་མཛད་སྒོར་ཞུགས་ཡོད། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཙུའི་ཁོངས་མི་དང་། ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)སྐྱིད་སྐྱིད་ཀྱིས་དེབ་གསར་རྩོམ་སྒྲིག་དཔར་སྐྲུན་བྱས་ཚུལ་ངོ་སྤྲོད་བྱས་པ་རེད།

སྐད་ཆ་ནི་མིའི་རིགས་ཀྱི་བསམ་བློ་བརྗེ་རེས་ཀྱི་ལག་ཆ་དང་། རིག་གནས་རྒྱུན་འཛིན་གྱི་གཞི་རྟེན། ཤེས་རྟོགས་ཟབ་མོ་ཡོང་བའི་ཟམ་པ་ལྟ་བུ་ཡིན་པར་བརྟེན། རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཕན་ཚུན་སྐད་ཡིག་སློབ་སྦྱོང་བྱས་ནས་སྐད་ངོ་འཕྲོད་པ་བརྒྱུད་སེམས་པ་གཅིག་མཐུན་དང་ལས་དབང་གཅིག་མཐུན་ཡོང་བར་སྐུལ་འདེད་བཏང་དང་གཏོང་བཞིན་པ་རེད། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་རང་ལྗོངས་ཀྱི་རྒྱ་རིགས་དང་མི་རིགས་གཞན་པའི་ལས་བྱེད་དང་མང་ཚོགས་ཀྱིས་བོད་སྐད་སློབ་སྦྱོང་གི་དགོས་མཁོ་དངོས་ལ་དམིགས་ནས། དེ་སྔའི《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཚིག་མཛོད(བོད་ཡིག་ཤན་སྦྱར)》དང་《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》ཞེས་པའི་རྒྱ་བོད་ཤན་སྦྱར་མ་སོགས་ཀྱི་དཔེ་དེབ་རྩོམ་སྒྲིག་དཔར་སྐྲུན་གྱི་དོན་སྨིན་ཉམས་མྱོང་གི་རྒྱུན་བསྐྱངས་ཏེ། ཞིབ་ཅིང་ཚགས་པའི་སྒོ་ནས《རྒྱ་བོད་སྐད་ཟམ། བོད་སྐད་བརྗོད་པ་སྟོང་རྩ་མ》ཞེས་པ་རྩོམ་སྒྲིག་དང་དཔར་སྐྲུན་བྱས་པ་བརྒྱུད། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་དབར་བསམ་བློ་སྤེལ་རེས་བྱེད་པའི“སེམས་ཀྱི་སྦྲེལ་ཟམ”དང་། མཛའ་བརྩེ་ཟབ་ཏུ་གཏོང་བའི“མཐུན་སྒྲིལ་འབྲེལ་ཟམ”ལྟ་བུ་འཛུགས་ཐབས་ཧུར་ཐག་བྱས་ཡོད།
དེབ་འདིའི་རྩོམ་སྟངས་སྟབས་བདེ་ཞིང་ཁུ་བསྡུ་བ་དང་། ཚིག་སྦྱོར་ཟོར་ཡང་ལ་བརྗོད་སྟོབས་ཆེ་བ། བརྡ་སྤྲོད་ལུགས་ཚད་དང་ལྡན་པའི་ཁར། ནང་དོན་ཐད་འཚམས་འདྲི་དང་། ཉོ་སྒྲུབ། བཟའ་བཏུང་སོགས་ཀྱི་རྒྱུན་མཁོའི་ཁ་བརྡ་རྨང་གཞིར་བྱས་ཤིང་། སློབ་སྦྱོང་དང་། ལས་དོན། འགྲོ་འདུག འཕྲལ་སྡོམ་སོགས་ཀྱི་ནང་དོན་ཐད་རིམ་བཞིན་རྒྱ་བསྐྱེད་པར་མ་ཟད། རྒྱ་ཡིག་སྒྲ་སྦྱོར་དང་། བོད་ཡིག་འགྱུར་མ། སྒྲ་སྒྱུར་རྒྱ་ཡིག་བཅས་དཀྱུས་གཅིག་ཏུ་བཀོད་ཡོད། ད་དུང་མིག་སྔའི་གྲངས་འཛིན་ཅན་དང་སིལ་ཧྲུག་ཅན་གྱི་སློབ་སྦྱོང་གི་ཁྱད་ཆོས་དང་མཐུན་ཆེད་རྒྱ་བོད་སྐད་གཉིས་ཀྱི་སྒྲ་ཟློས་གློག་རྡུལ་དཔེ་དེབ་དུས་མཉམ་དུ་སྒྲིག་སྦྱོར་བྱས་པས། དེས་སྦྱོང་མཁན་ཚོར་སྒྲ་གདངས་དང་། སྒྲའི་ང་རོ། སྐད་ཉམས་སོགས་ཁོང་དུ་ཆུད་པར་མཐུན་རྐྱེན་སྦྱར་ཡོད་ལ། ཡུལ་དུས་གང་དུའང་སློབ་སྦྱོང་བྱེད་པར་སྟབས་བདེ་བསྐྲུན་ཡོད།
དེབ་འདི་སྐད་ཡིག་སློབ་སྦྱོང་བྱེད་པའི་དཔེ་དེབ་ཅིག་ཡིན་པར་མ་ཟད། དེ་བས་བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་དངོས་སྒྲུབ་བྱ་ཐབས་ཤིག་ཡིན་ལ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ཕྱག་རྟགས་ཤིག་ཀྱང་ཡིན། བྱ་ཐབས་འདིས་རང་ལྗོངས་ཀྱི་རྒྱ་རིགས་དང་མི་རིགས་གཞན་པའི་ལས་བྱེད་པས“མི་དམངས་ལྟེ་བར་འཛིན་པའི”གོང་འཕེལ་གྱི་བསམ་བློ་ལག་ལེན་བསྟར་རྒྱུར་ཕན་ཐོགས་པ་དང་། གཞི་རིམ་དུ་བསྐྱོད་ནས་མང་ཚོགས་ཚོར་ཞབས་འདེགས་སྔར་ལས་ལེགས་པོ་བསྒྲུབ་རྒྱུ། དེ་མིན་རང་ལྗོངས་ཀྱི་མི་རིགས་ཁག་གིས་ཕན་ཚུན་སྐད་ཡིག་སློབ་སྦྱོང་བྱེད་པའི་རྨང་གཞིའི་ཐོག་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བརྩེ་བ། ཕན་ཚུན་རོགས་རམ། འཆམ་མཐུན་མཉམ་གནས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་བཏང་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།

མཛད་སྒོའི་ཐོག་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གྱི་ཁོངས་གཏོགས་ཚན་པ་དང་། འབྲེལ་ཡོད་ཚན་པ། དེ་བཞིན་ཁྲོམ་གཞུང་། སྡེ་ཁུལ། གྲོང་ཚོ་བཅས་ཀྱི་མང་ཚོགས་ཀྱི་འཐུས་མིར་དཔེ་དེབ་བསྡོམས་570སྤྲད་པ་རེད།



