ལྗོངས་ཡོངས་ཀྱི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཀྲུའུ་རེན(ཅུད་ཀྲང་)ལས་དོན་ཚོགས་འདུ་ལྷ་སར་སྐོང་ཚོགས་བྱས་པ།
ཟླ་2ཚེས་11ཉིན། ལྗོངས་ཡོངས་ཀྱི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཀྲུའུ་རེན(ཅུད་ཀྲང་)ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་སྐད་ཡིག་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་གསོ་པུའུ་སོགས་སྡེ་ཚན་7གྱི<<ཀྲུང་ཧྭའི་ཕུལ་བྱུང་སྐད་ཡིག་རིག་གནས་རྒྱུན་འཛིན་དང་གོང་འཕེལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་དམངས་ཡོངས་ཀྱི་སྐད་ཡིག་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར>>དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་གྱི་བཀའ་མཆན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཐོག 2025ལོའི་ལས་དོན་ལ་ཕྱོགས་བསྡོམས་དང་དུས་བབ་ལ་དབྱེཞིབ་བྱས་ནས་2026ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་གཅིག་ནང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་བོད་སྐད་ཡིག་ལས་དོན་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་སྐྱོང་ཁྲིད་སྟོན་མངོན་ཆེར་འཛིན་པ་དང་། སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་དུ་གཏོང་བ། ཚད་གཞི་འཛུགས་གཏོད་གཏིང་ཟབ་དུ་གཏོང་བ། ཐོན་ཁུངས་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། རྩོམ་སྒྱུར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། རིག་གནས་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བ་བཅས་ཀྱིས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད་ཅེས་བསྟན་ཡོད།
ཚོགས་འདུའི་ཐོག་2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་ཚུགས་པའི་ལོ་ཡིན་ལ། བོད་སྐད་ཡིག་དང་རྩོམ་སྒྱུར་ལས་དོན་འཛིན་སྐྱོང་སྤེལ་གསུམ་དང་སྤུས་འབྲས་ལེགས་གཏོང་གི་འགག་རྩའི་ལོའང་ཡིན། ལྗོངས་ཡོངས་ཀྱི་བོད་སྐད་ཡིག་དང་རྩོམ་སྒྱུར་ལས་དོན་ཐད་ཏང་དང་རྒྱལ་ཁབ་ཀྱི་སྐད་ཡིག་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བཟུང་སྟེ། བོད་ཀྱི་སྐད་ཡིག་དང་རྩོམ་སྒྱུར་བྱ་གཞག་སྤུས་ཚད་མཐོ་བའི་ངང་གོང་འཕེལ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། དེ་ཡང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མུ་མཐུད་བརྟན་དུ་བཏང་ནས་ཞི་མཐུན་དང་རིམ་ལྡན་གྱི་སྐད་ཡིག་ཁོར་ཡུག་ཧུར་ཐག་གཏོད་དགོས་པ་དང་། སྤྱི་ཚོགས་སྤྱོད་ཡིག་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་བོད་སྐད་ཡིག་ཚད་ལྡན་སྤྱོད་པའི་ལམ་ལུགས་ཀྱི་འགན་ལེན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། བོད་ཡིག་གྲངས་འཛིན་ཅན་དུ་གཏོད་པར་མུ་མཐུད་སྐུལ་འདེད་བཏང་ནས་བོད་སྐད་ཡིག་རྒྱུན་སྤེལ་ལ་གྲངས་འཛིན་རྨང་གཞི་བརྟན་དུ་གཏོང་དགོས་པ། བོད་ཡིག་ཐ་སྙད་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ལྟེ་བའི་ལས་དོན་ལ་དམིགས་ནས་ཤུགས་གནད་ཀྱིས་འདོན་དགོས་པ། ཡིག་སྒྱུར་ལས་སྒོའི་ནུས་པ་ཆེ་རུ་གཏོང་རྒྱུར་དམ་པོར་དམིགས་ནས་ཡིག་སྒྱུར་བྱ་གཞག་ལ་མུ་མཐུད་གྲུབ་འབྲས་བཟང་པོ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་བྱས་ནས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དཔུང་ཁག་སྟོབས་ཆེར་འཛུགས་དགོས་པ་བཅས་ཀྱི་སྐོར་ནན་བཤད་བྱས་ཡོད།
རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་ཁོངས་གཏོགས་ཚན་པ་ཁག་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་། ས་གནས(གྲོང་ཁྱེར)ཁག་གི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཀྲུའུ་རེན(ཅུད་ཀྲང་)དང་། དེ་བཞིན་རྫོང་(ཆུད)ཁག་ཅིག་གི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་འགན་འཁུར་བ། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཐིང་རིམ་པའི་འགོ་ཁྲིད་དང་བརྟག་ཞིབ་པ་རིམ་པ་བཞི་པ་ཡན་གྱི་ལས་བྱེད་པ་ཚོགས་འདུར་ཞུགས་ཡོད།



