ཀྲུང་གོའི་བོད་རིག་པ་ཞིབ་འཇུག་དང་རྒྱལ་ཁབ་ཀྱི་བོད་འབྲེལ་ཚད་མཐོའི་རིག་མཛོད་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཟླ་༦ཚེས་3ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་དང་རྒྱལ་ཁབ་ཀྱི་བོད་འབྲེལ་ཚད་མཐོའི་རིག་མཛོད་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་སྐོང་འཚོགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལི་ཀན་ཅེ་འགོ་ཚུགས་མཛད་སྒོར་ཞུགས་གནང་བ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ལི་ཀན་ཅེ་ཡིས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཙུགས་ནས་ལོ་40སོང་ཚུན། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལ་སྣེ་ཁྲིད་དང་མཐུན་སྦྱོར་བྱེད་པའི་འགན་ནུས་འདོན་སྤེལ་གྱིས་རྒྱ་ཆེའི་བོད་རིག་པའི་ལས་དོན་པར་མཐུན་སྒྲིལ་སྣེ་ཁྲིད་བྱས་པས། ཏང་གི་བོད་འབྲེལ་ལས་དོན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཀྲུང་གོའི་རང་བརྟེན་གྱི་བོད་རིག་པའི་ཤེས་བྱའི་མ་ལག་འཛུགས་སྤེལ། རིག་གཞུང་གི་དྲིལ་བསྒྲགས་ནུས་པ་དང་ཤུགས་རྐྱེན་ཆེ་རུ་གཏོང་བ། ཞིབ་འཇུག་གི་རྣམ་པ་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཐད་འཕེལ་རིམ་གསར་པ་ཐོན་ནས། ཀྲུང་གོའི་བོད་རིག་པའི་བྱ་གཞག་ལ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།
ལི་ཀན་ཅེ་ཡིས། མིག་སྔར་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་དང་ཟང་ཟིང་ཆེ་བ་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ཁུལ་དང་རྫོང་དག་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་མཚམས་སུ་གནས་ཡོད་པས། བོད་རིག་པའི་ཞིབ་འཇུག་དེ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་སྲ་བརྟན་དུ་གཏོང་བ་དང་། བོད་ལྗོངས་ཀྱིས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བར་སྐུལ་འདེད་གཏོང་བ། བོད་འབྲེལ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ། བོད་འབྲེལ་གྱི་རྒྱལ་སྤྱིའི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ་ལ་སོགས་པའི་ཐད་ཀྱི་ནུས་པ་སྔར་ལས་གལ་འགངས་ཆེ་བ་ཡོད། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གིས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོད་ནུས་ཆེ་རུ་བཏང་ནས། ཐོག་མཐའ་བར་གསུམ་དུ་བོད་རིག་པའི་ཞིབ་འཇུག་གི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པ་བྱེད་པ་དང་། འཐབ་ཇུས་ཀྱི་འདུ་ཤེས་ཤུགས་ཆེར་བཏང་ནས། ཏང་གི་བོད་འབྲེལ་ལས་དོན་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། གྲུབ་འབྲས་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། བོད་འབྲེལ་གྱི་ཕྱི་ཕྱོགས་སྤེལ་རེས་དང་དྲིལ་བསྒྲགས་བྱེད་ཐབས་འཚོལ་ཞིབ་གསར་གཏོད་བྱེད་པ། ཐོན་ཁུངས་སྡེབ་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་ནས། རིག་མཛོད་གྲུབ་འབྲས་ཀྱི་ཐོན་སྐྱེད་བརྗེ་སྒྱུར་ལམ་སྲོལ་གསར་གཏོད་བྱེད་པ། ཤེས་ལྡན་མི་སྣའི་རྨང་གཞི་བརྟན་དུ་བཏང་ནས། བོད་རིག་པའི་ཞིབ་འཇུག་གི་གསར་གཏོད་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ། བོད་རིག་པའི་ཞིབ་འཇུག་ལ་གོང་འཕེལ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས་ཞེས་གསུངས་པ་རེད།

བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ཞིང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། འབྲེལ་ཡོད་རིག་གཞུང་ལས་ཁུངས་ཀྱི་འཐུས་མི། རྒྱལ་ནང་གི་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་མཁས་དབང་འགའ་ཤས་བཅས་ཚོགས་འདུར་ཞུགས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།



