无障碍阅读 关怀版

བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་2026ལོའི“རྩོམ་སྒྱུར་འཆད་སྟེགས”ཐེངས་དང་པོ་གཉེར་བ།

དུས་ཚོད། 2026-07-16 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)།

ཟླ་7ཚེས་10ཉིན། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་2026ལོའི“རྩོམ་སྒྱུར་འཆད་སྟེགས”ཐེངས་དང་པོ་གཉེར་ཞིང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བོད་སྐད་ལེ་ཚན་ལྟེ་གནས་ཀྱི་རིམ་པ་གཉིས་པའི་ཞུས་ཆེན་ལོ་ཙཱ་བ་ཕུན་ནོར་སློབ་ཁྲིད་གནང་བར་གདན་དྲངས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གྲོས་དོན་གཅོད་ཐིང་རྩོམ་སྒྱུར་ཁང་(ཡིག་སྒྱུར་ཁང་)དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་དང་དེ་བཞིན་ལྗོངས་ཡོངས་ཀྱི་རྩོམ་སྒྱུར་ཁོངས་གཏོགས་ཀྱི་ཆེད་ལས་མི་སྣ་ཁྱོན་50ལྷག་ཞུགས་ཡོད། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན(ཅུད་ཀྲང་)བུ་དཀར་གྱིས་ཐེངས་འདིའི་འཆད་སྟེགས་གཙོ་སྐྱོང་གནང་བ་རེད།

རྒན་ཕུན་ནོར་ལགས་ཀྱིས་རྒྱ་བོད་ཡིག་སྒྱུར་ཁྲོད་རྒྱུན་དུ་སྤྱོད་པའི“སྔོག་གཏོད་གཡར”གསུམ་གྱི་སྒྱུར་ཐབས་ལ་དམིགས་ནས་སློབ་ཁྲིད་ཁ་གསལ་ཞིབ་ཕྲ་གནང་བ་དང་། དེའི་ཁྲོད“གཡར་བའི་སྒྱུར་ཐབས(སྒྲ་སྒྱུར)”གཙོ་གནད་དུ་བཟུང་ནས་རྒྱས་བཤད་གནང་བ་རེད། དེ་དང་ཆབས་ཅིག་གནའ་དེང་རྒྱལ་ཁབ་ཕྱི་ནང་གི་སྐད་རིགས་མང་པོའི་ཡིག་སྒྱུར་གྱི་དཔེ་མཚོན་དང་ཟུང་འབྲེལ་གྱིས་སྐད་བརྡའི་འགྱུར་ལྡོག་གི་ཆོས་ཉིད་དང་། གནའ་དེང་སྒྲ་སྒྱུར་གྱི་ཁྱད་པར། སྐད་རིགས་སྒྲོལ་བའི་གཡར་སྒྱུར་གྱི་ཁྱད་ཆོས་གསོན་ཉམས་ལྡན་པའི་སྒོ་ནས་གསལ་འགྲེལ་གནང་བ་དང་། རྒྱུན་གཏན་གྱི་ཡིག་སྒྱུར་ལས་དོན་ཁྲོད་ཡོངས་ཁྱབ་ཏུ་གནས་པའི་སྒྱུར་ཐབས་གསར་རྙིང་མཉམ་འདྲེས་དང་སྒྲ་སྒྱུར་ཐད་ཀྱི་ནོར་འཛོལ་སོགས་ཀྱི་གནད་དོན་ལ་དཔེ་བསྡུར་དབྱེ་ཞིབ་བྱས་ཏེ། དམིགས་ས་ཡོད་པའི་སྒོ་ནས་དབྱེ་འབྱེད་དང་དག་བཅོས་བྱེད་ཐབས་བསྟན་གནང་ཡོད།

ཧྲུའུ་ཅི་བུ་དཀར་གྱིས་ཐེངས་འདིའི“རྩོམ་སྒྱུར་འཆད་སྟེགས”ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་། ཤེས་བྱ་ཁྱབ་ཆེ་བ། ཆེད་ལས་རང་བཞིན་ཆེ་བས། དེས་སྲོལ་རྒྱུན་ཡིག་སྒྱུར་སྐོར་གྱི་རྨང་གཞིའི་རིག་གཞུང་དང་རྒྱུན་གཏན་གྱི་ཡིག་སྒྱུར་ལག་ལེན་སྲ་བརྟན་དུ་བཏང་བ་མ་ཟད། སྐད་གཉིས་ཡིག་སྒྱུར་གྱི་ཤེས་བྱའི་མཐོང་རྒྱ་དང་ཆེད་ལས་ཀྱི་ཤེས་རྒྱ་དེ་བས་ཆེ་རུ་ཕྱིན་པས་ཡིག་སྒྱུར་ལས་དོན་སྤུས་ཚད་མཐོ་བའི་ལེགས་འགྲུབ་ཡོང་བར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅིང་། ལོ་ཙཱ་བ་ཚོས་སྦྱོང་སྤྱོད་ཟུང་འབྲེལ་དང་སྦྱངས་པ་གོ་ཆོད་ཀྱིས་ད་ཐེངས་སྦྱངས་པའི་ཆེད་ལས་ཤེས་བྱ་ཁག་ཡིག་སྒྱུར་གྱི་ལག་ལེན་དངོས་དང་ཟུང་འབྲེལ་ཡག་པོ་བྱས་ཏེ། ཕན་འབྲས་དངོས་ཐོན་པ་བྱེད་དགོས་པ་དང་། རྩོམ་སྒྱུར་ཁོངས་གཏོགས་ཀྱི་ཆེད་ལས་མི་སྣས་ཡིག་སྒྱུར་གྱི་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་ཐོག སྒྱུར་ཡིག་གི་འགག་སྒོ་ཁག་དམ་འཛིན་ནན་པོ་བྱས་ཏེ་སྒྱུར་ཡིག་གནད་ལ་འཁེལ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས། “རྩོམ་སྒྱུར་འཆད་སྟེགས”ནི་ལྗོངས་ཡོངས་ཀྱི་ཡིག་སྒྱུར་ཆེད་ལས་མི་སྣའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བའི་སྟེགས་བུ་ཡག་པོ་ཞིག་ཡིན་པའི་ཆ་ནས་སློབ་ཁྲིད་བྱེད་སྟངས་མུ་མཐུད་ལེགས་བཅོས་དང་། སྤུས་ལེགས་ཀྱི་སློབ་ཚན་ཟམ་མི་ཆད་པར་བཏོད་ནས་མི་རིགས་ཁག་དབར་གོ་བརྡ་འཕྲོད་པ་དང་རིག་གནས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་རམ་འདེགས་ཐུབ་པ། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་གཏིང་ཟབ་ཡོང་བར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས།

ཐེངས་འདིའི“རྩོམ་སྒྱུར་འཆད་སྟེགས”གསན་པར་ཕེབས་མཁན་རྣམས་ལ<<ཡིག་སྒྱུར་བྱ་བའི་རྣམ་བཤད་གསུམ་ཕྲེང་ཅན་བཞུགས་སོ>>ཞེས་པ་ཆ་ཚང་ཁྱོན་དེབ་གྲངས་50ལྷག་ཙམ་རིན་མེད་ངང་སྤྲད་པ་རེད།