无障碍阅读 关怀版

རྒྱལ་ཡོངས་ཆ་འཕྲིན་ལག་རྩལ་ཚད་གཞི་ཅན་ལག་རྩལ་ཨུ་ཡོན་ལྷན་ཁང་བོད་ཡིག་ཆ་འཕྲིན་ལག་རྩལ་རྒྱལ་ཁབ་ཚད་གཞིའི་ལས་དོན་ཚོགས་ཆུང་གི་2026ལོའི་ལོ་འཁོར་ཚོགས་འདུ་མཚོ་སྔོན་ཟི་ལིང་དུ་འཚོགས་པ།

དུས་ཚོད། 2026-08-10 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)།

2026ལོའི་ཟླ་8ཚེས་5ཉིན། རྒྱལ་ཡོངས་ཆ་འཕྲིན་ལག་རྩལ་ཚད་གཞི་ཅན་ལག་རྩལ་ཨུ་ཡོན་ལྷན་ཁང་(གཤམ་དུ“རྒྱལ་ཡོངས་ཆ་འཕྲིན་ལག་རྩལ་ཚད་གཞི་ཨུ་ལྷན”ཞེས་བསྡུ་རྒྱུ)བོད་ཡིག་ཆ་འཕྲིན་ལག་རྩལ་རྒྱལ་ཁབ་ཚད་གཞིའི་ལས་དོན་ཚོགས་ཆུང་གི་2026ལོའི་ལོ་འཁོར་གྱི་ཚང་འཛོམས་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས་པ་རེད། 

ཚོགས་འདུའི་ཐོག་ལས་དོན་ཚོགས་ཆུང་གི་ལོ་འཁོར་གོང་མའི་ལས་དོན་སྤེལ་ཚུལ་དང་། གྲུབ་འབྲས་གཙོ་བོ། འབྱུང་འགྱུར་ལས་ཀའི་འཆར་གཞི་བཅས་སྙན་སེང་ཞུས་པ་དང་། རྒྱལ་ཡོངས་ཆ་འཕྲིན་ལག་རྩལ་ཚད་གཞི་ཨུ་ལྷན་གྱི་མི་ཐབས་རིག་ནུས་ཡན་ལག་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་མི་ཐབས་རིག་ནུས་ཚད་ལྡན་ཅན་གྱི་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་དང་འབྲེལ<<ཆ་འཕྲིན་ལག་རྩལ་གྱི་བོད་སྐད་སྒྲ་གདངས་དབྱེ་འབྱེད་གཞི་གྲངས་ཟུར་མཆན་གྱི་ཚད་གཞི>>དང་། <<ཆ་འཕྲིན་ལག་རྩལ་གྱི་རྣམ་པ་དང་ཡིག་གཟུགས་མང་བའི་བོད་ཡིག་དབྱེ་འབྱེད་གཞི་གྲངས་ཟུར་མཆན་གྱི་ཚད་གཞི>><<ཆ་འཕྲིན་ལག་རྩལ་གྱི་རྒྱ་བོད་འདྲ་མཚུངས་ཡིག་མཛོད་ལས་སྣོན་བརྒྱུད་རིམ>><<ཆ་འཕྲིན་ལག་རྩལ་གྱི་བོད་སྐད་ཚིག་དོན་བརྟེན་གནས་རྣམ་གྲངས་དང་མཚོན་རྟགས>>བཅས་ཞིབ་འཇུག་བྱེད་བཞིན་ཡོད་པའི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྒྱལ་ཁབ་ཚད་གཞི་ཁག་བཞི་དང་དེ་བཞིན་རྣམ་གྲངས་འགོད་པའི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྒྱལ་ཁབ་ཚད་གཞིའི་གྲོས་འགོ་ཁག་བརྒྱད་ལ་མཉམ་དུ་གྲོས་བསྡུར་བྱས་ཏེ་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

ཕྱིས་འབྱུང་རྒྱལ་ཡོངས་ཆ་འཕྲིན་ལག་རྩལ་ཨུ་ལྷན་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྒྱལ་ཁབ་ཚད་གཞི་ལས་དོན་ཚོགས་ཆུང་གི་ཁོངས་མི་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བཟུང་སྟེ། བསམ་བློ་དང་། འདུ་ཤེས། བྱ་སྤྱོད་བཅས་གཅིག་གྱུར་གྱིས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྒྱལ་ཁབ་ཚད་གཞི་གཏན་འབེབས་དང་། བཟོ་བཅོས། ཁྱབ་གདལ་གཏོང་བ་བཅས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་བོད་ཡིག་ཆ་འཕྲིན་ཅན་གྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་དུ་སྤེལ་བར་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་འབུལ་རྒྱུ་ཡིན།