བོད་སྐྱོར་ལས་བྱེད་པས“བོད་སྐད་སྦྱོང་། ཡུལ་སྲོལ་རྟོགས། སྒྱུ་རྩལ་མྱོང་”ཞེས་པའི་རིག་གནས་མཉམ་འདྲེས་དང་འཇོན་ནུས་མཐོ་རུ་གཏོང་བའི་གསོ་སྦྱོང་མཇུག་བསྒྲིལ་བ།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་། ཀྲུང་དབྱང་ལས་ཁུངས་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་གནས་སྐབས་ཏང་ཨུད། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)བཅས་གསུམ་གྱིས་མཉམ་འབྲེལ་ཐོག་གཉེར་བའི“བོད་སྐད་སྦྱོང་། ཡུལ་སྲོལ་རྟོགས། སྒྱུ་རྩལ་མྱོང་”ཞེས་པ་ནང་དོན་དུ་བཟུང་བའི་བོད་སྐྱོར་ལས་བྱེད་པའི་རིག་གནས་མཉམ་འདྲེས་དང་འཇོན་ནུས་མཐོ་རུ་གཏོང་བའི་གསོ་སྦྱོང་ཡོངས་སུ་མཇུག་བསྒྲིལ་བ་རེད།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་2026ལོའི་ཟླ་5ཚེས་30ཉིན་ནས་སློབ་འགོ་ཚུགས་པ་དང་ཟླ་8ཚེས་30ཉིན་སློབ་སྦྱོང་གི་ནང་དོན་ཚང་མ་ལེགས་གྲུབ་ཟིན་ཡོད། ཐེངས་འདིའི་བྱེད་སྒོར་རྨང་གཞིའི་བོད་སྐད་དང་། དམངས་སྲོལ་རིག་གནས། སྒྱུ་རྩལ་མྱོང་དཔྱད་བཅས་འཛིན་གྲྭ་ཁག་གསུམ་བཙུགས་ཡོད་ཅིང་། ཀྲུང་དབྱང་ལས་ཁུངས་ཁག་ནས་ཡོང་བའི་བོད་སྐྱོར་ལས་བྱེད་པ་མི་གྲངས་ཁྱོན་180ཞུགས་པའི་ནང་རྨང་གཞིའི་བོད་སྐད་འཛིན་གྲྭ་མིར་80དང་། དམངས་སྲོལ་འཛིན་གྲྭ་མིར་22 སྒྱུ་རྩལ་མྱོང་དཔྱད་འཛིན་གྲྭ་མིར་78བཅས་ཡོད།
གསོ་སྦྱོང་འཛིན་གྲྭས་བོད་སྐད་ཡིག་གི་རྨང་གཞི་དང་། དམངས་སྲོལ་རིག་གནས་ངོ་སྤྲོད། བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་མྱོང་དཔྱད་བཅས་ནང་དོན་ཆེན་པོ་གསུམ་ལ་དམིགས་ནས་རིག་གཞུང་སློབ་ཁྲིད་དང་། ཡུལ་དངོས་རྟོག་ཞིབ། སྒྱུ་རྩལ་ཉམས་ལེན་སོགས་སྣ་མང་ཅན་གྱི་སློབ་ཁྲིད་བྱེད་སྟངས་སྤྱད་པས་སློབ་མ་ཚོས་དུས་ཐུང་ནང་བོད་ཀྱི་སྲོལ་རྒྱུན་རིག་གནས་སློབ་སྦྱོང་དང་ཤེས་རྟོགས་ཐུབ་པ་བྱུང་ཡོད། རྨང་གཞིའི་བོད་སྐད་འཛིན་གྲྭས་སློབ་མའི་སྐད་ཆའི་རྨང་གཞི་བརྟན་དུ་གཏོང་ཆེད་སྒྲ་གདངས་དང་། ཐ་སྙད། རྒྱུན་གཏན་གྱི་ཁ་བརྡ་སོགས་ཀྱི་ནང་དོན་ལ་དམིགས་ནས་སློབ་ཁྲིད་བྱས་པ་རེད། དམངས་སྲོལ་འཛིན་གྲྭས་སློབ་མས་བོད་ཀྱི་དམངས་སྲོལ་རིག་གནས་དང་རྒྱུན་གཏན་གྱི་འཚོ་བ་རྒྱུས་ལོན་ཐུབ་ཆེད་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སློབ་ཁྲིད་བྱས་པའི་རྨང་གཞིའི་ཐོག སློབ་མ་སྒྲིག་འཛུགས་བྱས་ནས་གཞི་རིམ་དུ་བསྐྱོད་དེ་མི་རིགས་ཀྱི་རིག་གནས་ཉམས་ལེན་བྱེད་སྒོ་སྤེལ་བ་རེད། སྒྱུ་རྩལ་མྱོང་དཔྱད་འཛིན་གྲྭས་བོད་ལྗོངས་ས་མཐོའི་སྒྱུ་རྩལ་གྱི་འབྱུང་ཁུངས་དང་། གྲུབ་མཐའི་ཁྱད་ཆོས་དང་འཕེལ་རིམ། དེ་བཞིན་མི་རིགས་མང་པོ་ཕན་ཚུན་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་སོགས་ཀྱི་ནང་དོན་ལ་དམིགས་ནས་སློབ་ཚན་ཁྲིད་པ་དང་འབྲེལ་སློབ་མ་སྒྲིག་འཛུགས་བྱས་ཏེ། རིག་དངོས་གནའ་ཤུལ་ལ་རྟོག་ཞིབ་དང་ཐང་གའི་རི་མོའི་སྒྱུ་རྩལ་ཉམས་ལེན་བྱས་པ་རེད།
ཐེངས་འདིའི་བྱེད་སྒོས་བོད་སྐྱོར་ལས་བྱེད་པའི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ཕ་ཡུལ་དང་བྲལ་ནས་གངས་ལྗོངས་ས་མཐོར་ཏང་ཀྲུང་དབྱང་གིས་བསྩལ་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཕྲག་ཏུ་འཁུར་བཞིན་པའི་རིགས་ཁག་གི་ཤེས་ལྡན་མི་སྣ་རྣམས་སྐད་ཆ་དང་རིག་གནས་ཀྱི་བཀག་རྒྱ་ལས་བསྒྲལ་ནས་གཞི་རིམ་དུ་མགྱོགས་མྱུར་མཉམ་འདྲེས་ཡོང་བ་དང་། དམངས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་ཐུབ་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་མཐོ་རུ་ཏན་ཏིག་གཏོང་བར་མཐུན་རྐྱེན་སྦྱར་བས་རིག་གནས་ཀྱི་མོས་སེམས་ཆེ་རུ་ཕྱིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་སོང་བ། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྐད་ཆའི་ཐོག་ནས་ཕན་ཚུན་སེམས་པ་གཅིག་ཏུ་སྦྲེལ་བ་དང་ལས་དབང་གཅིག་ཏུ་སྦྲེལ་བར་སྐུལ་འདེད་གཏོང་བའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་དོན་ངོ་མའི་བྱ་སྤྱོད་ཅིག་ཡིན་ལ། བོད་སྐྱོར་ལས་དོན་སྤུས་ཕྱོད་མཐོར་འདེགས་ཡོང་བའི་དངོས་གཉེར་བྱ་སྤྱོད་ཅིག་ཀྱང་ཡིན།



